ཁྱིམ་ནང་ བོན་པོ་ཁྲོ་ཅུང་གིས་ ལྷ་འོ་ལྡེ་དགུང་རྒྱལ་ལུ་ གསོལ་མཆོད་ཕུལ་བའི་བསྒང་།

ཁེངས་བུ་ལི་ལུ་ བོན་ལྷ་གསོལ་མཆོད་ཀྱི་ སྲོལ་ཁྱུན་མ་ཉམས་པར་ཡོདཔ།

༉ གཞལམ་སྒང་ནང་སྐོར་རྒེད་འོག་ ཁེངས་བུ་ལི་གཡུས་ཚན་ནང་ བོན་ལུགས་དེ་ ཉམས་མེད་ཐོག་ གནས་ཡོད་མི་དེ་ཡང་ ཁྱིམ་གུང་པ་༤ གིས་ དགུང་ལྷ་ཟེར་ འཇིག་རྟེན་པའི་ལྷ་ལུ་ ལོ་བསྟར་བཞིན་དུ་ གསོལ་ཁ་ཕུལ་སྲོལ་ཡོད་མི་དེ་ཨིན་པས།
དགུང་ལྷ་གསོལ་མཆོད་ཀྱི་ དུས་ཚོད་ངེས་པ་མེད་རུང་ གཡུས་ཚན་དེ་ནང་ སྐྱེས་གྲིབ་ཤི་གྲིབ་མེད་པའི་སྐབས་ གསོལ་མཆོད་ཕུལ་མི་དེ་ཡང་ ལོ་ཕྱུགས་རྟག་ཏུ་ལེགས་ ཆར་ཆུ་དུས་སུ་བབས་ ནད་མུག་འཁྲུགས་རྩོད་ཚུ་ ཞི་ཐབས་ལུ་དམིགས་ཏེ་ དགུང་ལྷ་འོ་ལྡེ་དགུང་རྒྱལ་ལུ་ ཕུལཝ་ཨིན་པས།
ལྷ་གསོལ་གྱི་ བཅའ་སྒྲིག་དེ་ཡང་ ཟླཝ་༡ གི་ཧེ་མ་ལས་ ཁྱིམ་ཚང་ཚུ་གིས་ ཀར་དང་རེད་ཚུ་ འབག་འོང་ཐོག་ལས་ ཆང་ཕུད་བཙོ་དོ་ཡོདཔ་ད་ ལྷ་གསོལ་སྐབས་ལུ་ དགུང་ལྷའི་དར་ཤིང་ཟེར་ ཚལ་མ་ནང་ལས་ སྟོང་ཕུ་ཤིང་ཚིགས་ཏོ་གསུམ་འབད་མི་ཅིག་ ཞལ་ལག་དང་སྦྲགས་ཏེ་ བཅད་འབག་འོང་ཞིནམ་ལས་ དེ་གི་ནངས་པར་ དྲོ་པར་ཆུ་ཚོད་༨ དེ་ཅིག་ལས་ སྐྱེས་ལོ་༧༥ ལང་མི་ སངས་རྒྱས་དཔལ་སྒྲོན་གྱི་ཁྱིམ་ ཧིང་སངས་ས་བཟོཝ་ཨིན་པས།
དགུང་ལྷའི་བཅའ་སྒྲིག།
ལྷ་འོ་ལྡེ་དགུང་རྒྱལ་ལུ་ གུར་དཀར་པོའི་ བརྡ་མཚོན་ལུ་ ཁྱིམ་ནང་ རས་དཀརཔོ་ཅིག་སྤྲིངས་ ས་ཁར་རེ་ལྡེའི་གདན་འཐིང་པའི་ མཆོད་བཤམ་བསྒྲིགས་ཞིནམ་ལས་ ཚོགས་དང་གཏོར་མ་ དེ་ལས དཀར་མེ་དང་ ཆང་ཕུད་ལ་སོགས་པ་ མཆོད་རྫས་སྣ་ཚོགས་ བཀྲམ་བཞགཔ་ཨིན་པས།
ཐགས་ཆས་ལས་འགོ་བཟུང་ སོ་ནམ་པའི་ལག་ཆ་ ཁ་མིག་དང་ གཉའ་ཤིང་ དེ་ལས་ སྟྭ་རེ་ ཏོག་ཙེ་ལ་སོགས་པ་ཚུ་ ལྷ་འོ་སྡེ་དགུང་རྒྱལ་གྱིས་ འཇིག་རྟེན་མི་ཡུལ་ལུ་ བསྣམས་བྱོན་བྱོནམ་ཨིན་ཟེར་ ཡིད་ཆེས་བསྐྱེད་དེ་ ལྷ་གསོལ་བའི་སྐབས་ བཀྲམ་ཨིན་པས།
ཁྱིམ་གྱི་ཕྱི་ཁར་འབད་བ་ཅིན་ དྲོ་པ་ཉིམ་རྩེ་ཤརཝ་ད་ ཁྱིམ་གྱི་གུང་ཤིང་དང་ཐད་ཕྲང་སྟེ་ ཕོ་ལྷ་ཟེར་ ཁེངས་ཁ་ལས་སྨེར་བེན་ཟེར་ སླབ་སྲོལ་ཡོད་པའི་ ཤིང་ཅིག་གུ་ བཙན་དར་དམརཔོ་འཕྱར་ཏེ་ དེ་དང་གཅིག་ཁར་ དགུང་ལྷའི་དར་ཤིང་གུ་ ལྷ་འོ་ལྡེ་དགུང་རྒྱལ་ གནམ་རིམ་པ་བཅུ་གསུམ་ལས་ བྱོན་པའི་ཚུལ་ལུ་ དཀར་མེའི་སྡོང་རས་བཅུ་གསུམ་ ཨེ་ཁུག་བཟུམ་བང་རིམ་བསྒྲིགས་ཏེ་ཡོད་པའི་མཇུག་གི་སྡོང་རས་གུ་ ལྷ་ཡི་དར་ལམ་ཟེར་ སྐུདཔ་སྣ་ལྔ་ ཁྱིམ་ཐོག་ལས་ སྒོ་ཅུང་བརྒྱུད་དེ་ དགུང་ལྷའི་ཆིབས་རྟའི་སྐེ་ལུ་བཏགསཔ་ཨིན་པས།
དེ་ལས་ ཁྱིམ་ཕྱི་ནང་ལུ་ བཅའ་སྒྲིག་རྐྱབ་ཚར་བའི་ཤུལ་ལས་ ལྷ་གསོལ་མི་ བོན་པོ་ཁྲོ་ཅུང་གིས་ བཀབ་ནེ་བཀབ་ མགུ་ཏོ་ཁར་ དར་དཀརཔོ་ཅིག་དཀྱིས་ཏེ་ གདན་གུ་སྡོད་ཞིནམ་ལས་ ལྷ་འོ་ལྡེ་དགུང་རྒྱལ་ཞུཝ་ཨིན་ཟེར་ དང་པ་ར་བསང་བཏང་ དེ་ལས་ རྔ་རྡུང་ཡི་ར་ དགུང་ལྷའི་ལྷ་རབ་ཟེར་བའི་ དཔེ་ཆ་ལྷག་སྟེ་ ཆོ་ག་གཏང་ནི་འདུག།

འཇིག་རྟེན་མི་ཡུལ་གྱི་བུམོ་ ཀརྨ་གཡུ་ལེགས་ཀྱིས་ གནམ་རིམ་པ་བཅུ་གསུམ་ལས་ ལྷ་འོ་ལྡེ་དགུང་རྒྱལ་ གདན་འདྲེན་ཞུ་བའི་གཏོར་མ།
དགུང་ལྷའི་གསོལ་མཆོད།
གསོལ་མཆོད་དེ་ཡང་ ལོ་ཨ་རྟག་ར་ ཁྱིམ་གུང་པ་༤ གིས་ ཕུལ་བའི་སྐབས་ ལྷ་མཆོད་གསོལ་མི་ སྦྱིན་བདག་དང་ སྤུན་ཆ་ཚུ་མ་གཏོགས་ གཞན་འོང་ནི་མིན་འདུག།
ལྷ་རབ་དཔེ་ཆ་དང་འཁྲིལ་བ་ཅིན་ བསང་བཏང་དགོ་པའི་ཁུངས་དང་ འཇིག་རྟེན་ཆགས་ཚུལ་ གནམ་རིམ་པ་བཅུ་གསུམ་བྱུང་ཚུལ་ དེ་ལས་ ལྷ་འཇིག་རྟེན་མི་ཡུལ་ལུ་ བྱོན་ཚུལ་ཚུ་ ཁ་གསལ་སྦེ་ ཆོ་གའི་ཚིག་ནང་ ཐོནམ་བཞིན་དུ་ ལྷ་དེ་ གནམ་རིམ་པ་བཅུ་གསུམ་ལས་ཞུ་སྟེ་ སྦྱིན་བདག་གི་ ཁྱིམ་ནང་ཕེབས་ད་ ལྷ་གསོལ་མི་དེ་གིས་ འབྲུ་གནམ་ཁར་གཏོར་ཞིནམ་ལས་ མར་ཆང་ཕུད་གཏོརཝ་ཨིན་པས།
སྦྱིན་བདག་དང་ ཁྱིམ་ཚང་ཚུ་གིས་འབད་རུང་ མར་ཆང་ཕུལ་ཚར་ཞིནམ་ལས་ ཁོང་རའི་ལོ་དང་འཁྲིལ་ ཚེ་དང་ བསོད་ནམས་ དབང་ཐང་རླུང་རྟ་ཚུ་དར་ཏེ་ ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་ ནད་ཡམས་མུ་གེ་ལ་སོགས་པའི་ རྐྱེན་ངན་ཚུ་ བཟློག་བཅུག་ཟེར་ སྨོན་ལམ་བཏབ་ཐོག་ལས་ ལྷ་ལུ་ སྙན་དར་ཕུལཝ་ད་ ལྷ་གིས་ ཁོང་ལུ་ ནོར་གྱི་གཡང་ཟས་ཀྱི་བཅུད་ གོས་ཀྱི་དྲོད་ལ་སོགས་པའི་ དངོས་གྲུབ་ཚུ་ གནང་ཡི་ཟེར་ ཡིད་ཆེས་བསྐྱེདཔ་ཨིན་པས།
ཨིན་རུང་ ལྷ་གསོལ་གྱི་སྐབས་ལུ་ སྐྱེས་གྲིབ་ཤི་གྲིབ་རེག་མི་དང་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ ལས་རིམ་དེ་ནང་ བཅའ་མར་གཏོགས་སྲོལ་མེདཔ་ད་ གལ་སྲིད་ གྲལ་གཏོགས་འབད་བ་ཅིན་ རང་ལུ་རྐྱེན་ངན་བྱུངམ་ཨིན་ཟེར རྒན་ཤོས་ཚུ་གིས་ བཤད་ནི་འདུག།
མི་ཚུ་གིས་ ཁྱིམ་ཐོག་ཁར་འཛེགས་ཏེ་ ཕྱོགས་བཞི་མཚམས་བཞིའི་ ཡུལ་ལྷ་དང་ གཞི་བདག་ཚུ་ལུ་ གསོལ་ཁ་ཕུལ་བའི་མཐོང་སྣང་།
ཧེ་མ་འབད་བ་ཅིན་ མོ་བཏབ་ནིའི་ སྲོལ་ཡོད་མི་དེ་ཡང་ ཁེངས་ཁ་ལས་ ཀིན་མར་ཟེར་སླབ་མི་ སེ་མར་བཙག་བཅད་ཞིནམ་ལས་ དེ་ནང་ སིང་ཆང་བླུགས་ཏེ་ མར་གྱི་རི་མོ་དང་འཁྲིལ་ མོ་བཟང་ངན་གྱི་ རྟགས་པ་བལྟ་སྲོལ་ཡོད་རུང་ ད་རེས་ནངས་པར་ སེ་མར་ཐོབ་མ་ཚུགས་ནི་དེ་གིས་ དེ་སྦེ་ མོ་བཏབ་སྲོལ་དེ་ ཉམས་སོ་ནུག།
ཨིན་རུང་ བཟང་ངན་གྱི་རྟགས་པ་ཅིག་ ལྷའི་དར་ལམ་ཟེར་ སྐུདཔ་སྣ་ལྔ་ ཁྱིམ་ཐོག་ཁ་ལས་ནང་ན་ ལྷའི་གཏོར་མ་གུ་བཏགས་ཏེ་ཡོད་མི་དེ་ ཁྱིམ་གྱི་སྒོ་ཁར་ དཀར་མེ་གིས་ བཏོག་དོ་ཡོདཔ་ད་ དེ་བསྒང་ སྐུདཔ་སྣ་ལྔ་ འདྲན་འདྲ་ལུས་པ་ཅིན་ ལྷ་བཙན་རྒྱལ་བའི་རྟགས་དང་ སྐུདཔ་དཀརཔོ་རིང་སོང་པ་ཅིན་ ལྷ་རྒྱལ་བའི་རྟགས་ དེ་ལས་ ལྗང་ཁུ་དང་ སེརཔོ་རིང་པ་ཅིན་ ཁེངས་བུ་ལི་གཡུས་ཚན་གྱི་ སྨན་མོ་རྒྱལ་བའི་རྟགས་དང་ དམརཔོ་རིང་པ་ཅིན་ བཙན་རྒྱལ་བའི་རྟགས་མཚན་ཨིནམ་ད་ གནགཔོ་རིང་པ་ཅིན་ བདུད་རྒྱལ་བའི་རྟགས་ཨིནམ་ལས་ བཟློག་ཐབས་རིམ་གྲོ་འབད་དགོཔ་ཨིན་པས།
དེ་ལས་ རིམ་པ་བཞིན་དུ་ མི་ལུ་ རྒྱུ་ནོར་ལོངས་སྤྱོད་ཀྱི་ གཡང་གནང་ཚར་ཞིནམ་ལས་ ལྷ་ལོག་ལྷ་ཡུལ་ལུ་ བྱོནམ་ཨིན་ཟེར་ ད་རུང་ འཕྲོ་མཐུད་ལྷ་གསོལ་དཔེ་ཆ་ལྷག་སྟེ་ ཞུ་དོ་ཡོདཔ་ད་ དེ་བསྒང་ དང་པ་ར་ མཆོད་བཤམ་ནང་ དཀར་མེ་དང་ ཚོགས་གསེར་སྐྱེམས་ལ་སོགས་པའི་ རྫས་རིགས་ཕུལ་མི་ཚུ་ ཁྱིམ་གྱི་ཐོག་ཁར་ བཀལ་བཞགཔ་ཨིན་པས།
དེ་བསྒང་ སྐྱེས་ལོ་༦༤ ལང་མི་ བོན་པོ་ཁྲོ་ཅུང་གིས་ ཆོ་གའི་ཚིག་དང་འཁྲིལ་ ཁྱིམ་གྱི་ནང་ན་ གསོལ་ལོ་ འབུལ་ལོ་ མཆོད་ལོ་ཟེར་བའི་ ཚིག་སླབ་པའི་སྐབས་ ཁྱིམ་ཐོག་ཁར་འཛེགས་མི་ཚུ་གིས་ཡང་ གསོལ་ལོ་ འབུལ་ལོ་ མཆོད་ལོ་ཟེར་བའི་ལན་དང་བཅས་ ཤར་ ལྷོ་ ནུབ་ བྱང་གི་ཡུལ་ལྷ་ གཞི་བདག་ ལྷ་བཙན་ག་ར་ལུ་ ལགཔ་གཉིས་ཀྱིས་ཚོགས་ཕུལ་ ཆང་ཕུད་ ཨོམ་ཕུད་ དེ་ལས་ གསེར་སྐྱེམས་ཚུ་ཡང་ ལྷ་ཤིང་གི་འདབ་མ་དང་ཐུརམ་གིས་སྦེ་ གནམ་ཁར་གཏོར་ཏེ་ ཕུལ་ཚར་བའི་ཤུལ་ལུ་ མཇུག་བཀྲ་ཤིས་པའི་ཚིག་དང་ བསྔོ་བ་ སྨོན་ལམ་ཚུ་ གནང་འབདཝ་ད་ དགུང་ལྷ་གསོལ་ནིའི་དོན་ལུ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ འགོརཝ་ཨིན་པས།
དགུང་ལྷའི་རྒྱབ་ཁུངས།
གཡུས་ཁའི་རྒས་ཤོས་ཚུ་གིས་ དགུང་ལྷ་གསོལ་ནིའི་ ལུགས་སྲོལ་འདི་ འགོ་དང་པ་ བུ་ལི་དཔོན་པོ་གིས་ བཙུགས་ཡོདཔ་འོང་ནི་མས་ཟེར་ཨིན་རུང་ ལ་ལོ་གིས་འབད་བ་ཅིན་ ཧེ་མ་ལས་ར་ དར་དརཝ་འོང་ནི་མས་ཟེར་ཨིནམ་ད་ དེ་ཡང་ བུ་ལི་གཡུས་ཚན་གྱི་ ལྗོངས་སྟོད་ལྷ་ཡི་ཕོ་བྲང་ཟེར་ སླབ་སྲོལ་ཡོདཔ་ལས་ གཡུས་སྟོད་པའི་ མི་བརྒྱུད་ཚུ་གིས་ བོན་ལྷ་བསྟེན་བསྟེནམ་འོང་ནི་མས་ཟེར་ཨིན་པས།
སྤྱིར་བཏང་དགུང་ལྷའི་འབྱུང་ཁུངས་འདི་ དགུང་ལྷའི་དཔེ་ཆ་ བོན་གྱི་ལྷ་རབ་དང་འཁྲིལ་བ་ཅིན་ ཧེ་མ་འཇིག་རྟེན་གྱི་ ཁམས་འདི་ནང་ མི་ལུ་དཔོན་མེད་ ནོར་ལུ་གཡང་མེད་ ཟས་ལུ་བཅུད་མེད་ གོ་ལ་ལུ་དྲོད་མེདཔ་སྦེ་ སྡོད་ནུག་ཟེར་ཨིནམ་ད་ ཨིན་རུང་ འཇིག་རྟེན་མི་ཡུལ་ལས་ བུམོ་ཁྱད་དུ་འཕགས་པ་ ཀརྨ་གཡུ་ལེགས་ཟེར་མི་གིས་ གནམ་རིམ་པ་བཅུ་གསུམ་གྱི་འོག་ལུ་ སོང་ཞིནམ་ལས་ འཇིག་རྟེན་མི་ཡུལ་ལུ་ སྐྱབས་དང་མགོན་མཛད་མི་ ལྷ་ཅིག་ཞུ་ནུག་ཟེར་ཨིན་པས།
མོ་གིས་ མིའི་དཔོན་འབད་བར་ ལྷ་ཅིག་བྱོན་དགོ་པའི་ ལྷ་འོ་ལྡེ་དགུང་རྒྱལ་གྱི་ཡབ་ལུ་ཞུཝ་ད་ ཡབ་ཀྱིས་ ཁོང་སྤུན་ཆ་༦ ཡབ་ཀྱི་སྐུ་མདུན་ལུ་ ཤོ་རྐྱབ་བཅུགཔ་ད་ འཇིག་རྟེན་མི་ཡུལ་ལུ་ བྱོན་དགོ་པའི་ ལུང་བསྟན་གྱི་ཤོ་ ལྷ་འོ་ལྡེ་གུང་རྒྱལ་ལུ་བབས་མི་ལུ་ ལྷ་ག་ར་ཞལ་འཆམ་སྟེ་ ལྷ་འོ་ལྡེ་དགུང་རྒྱལ་ མགུ་གནག་མིའི་དཔོན་འབད་བར་ བྱོན་དགོཔ་སྦེ་ ཡབ་ཀྱིས་ བཀའ་གནངམ་ད་ ལྷ་འོ་ལྡེ་དགུང་རྒྱལ་གྱིས་ ང་འཇིག་རྟེན་མི་ཡུལ་ལུ་མི་འགྱོ་ཟེར་ ཞུ་མི་དེ་ཡང་ འཇིག་རྟེན་མི་ཡུལ་ལུ་ སྐྱེ་གྲིབ་ཤི་གྲིབ་ མི་གཙང་བ་དུག་ལ་སོགས་པའི་ གནོད་པ་དང་ འཐབ་འཛིང་གི་ གནོད་པ་ཚུ་ཡོདཔ་ལས་ མིའི་གཡུས་ཁར་ མི་འགྱོ་ཟེར་གསན་མ་བཏུབ་པས་ཟེར་ཨིན་པས།
ཨིན་རུང་ དེ་བསྒང་ ཀརྨ་གཡུ་ལེགས་ཀྱིས་ འཇིག་རྟེན་འཛམ་གླིང་ནང་གི་ མི་ཚུ་ལུ འདྲེ་དང་ སྲིན་པོའི་གནོད་པ་ཚུ་ལུ་བརྟེན་ ཤི་བའི་སྡུག་བསྔལ་ལ་སོགས་པའི་ སྡུག་བསྔལ་སྣ་ཚོགས་མྱོང་དོ་ཡོདཔ་ལས་ ལྷ་ལུ་ མི་གཙང་བ་སེལ་བའི་ཐབས་ཤེས་ བསང་གཏང་ནི་ཡོད་ དུག་ལུ་སྨན་ཡོད་ ག་དེ་འབད་རུང་ མི་ཡུལ་ལུ་ བྱོན་གནང་དགོ་ཟེར་ གསོལཝ་ནན་བསྐྱར་བཏབ་ལས་ ཐབས་ར་མེད་པར་ ཞལ་གྱིས་བཞེས་ཏེ་ ང་མིའི་གཡུས་ཁར་ འགྱོ་དགོ་པ་ཅིན་ ང་ལུ་མཁོ་ཆེ་བའི་ ལག་ཆ་ཚུ་དགོ་ཟེར་ གསུངསམ་ལས་ ཡབ་དང་ཡུམ་ དེ་ལས་ སྤུན་ཆ་ཚུ་གིས་ འཇིག་རྟེན་མི་ཡུལ་ལུ་དགོ་པའི་ལག་ཆ་ མདུང་ ལྷ་ང་ བྱིལ་ལི་ ན་བཟའ་དར་དང་གོས་ཆེན་ རང་འཐག་ དེ་ལས་ གྱི་ཅུང་ལ་སོགས་པ་ཚུ་ ལམ་འཇུག་དང་འདྲཝ་སྦེ་གནངམ་ལས ལྷ་འོ་ལྡེ་དགུང་རྒྱལ་གིས་འབད་རུང་ ལག་ཆ་ཚུ་བསྣམས་ཏེ་ འཇིག་རྟེན་མི་གཡུས་ལུ་ བྱོན་ནུག་ཟེར་ཨིན་པས།
ལྷ་འོ་ལྡེ་དགུང་རྒྱལ་འདི་ མི་ཡུལ་ལུ་ མ་ཕེབས་པའི་ཧེ་མར་ དང་པ་ར་ ནམ་མཁའི་ཟླཝ་ གཡུས་ཁར་ལྷོད་ཡོདཔ་ལས་ ཟླ་བའི་རྒྱལ་པོ་གིས་ ལྷ་འོ་ལྡེ་དགུང་རྒྱལ་ལུ་ ཁྱོད་ག་ཏེ་བྱོན་ནི་སྨོ་ཟེར་གསུངསམ་ད་ ལྷ་གིས་ ང་མིའི་དཔོན་ ནོར་གྱི་གཡང་ ཟས་ཀྱི་བཅུད་ གོས་ཀྱི་དྲོད་བྱིན་པར་ འཇིག་རྟེན་མི་ཡུལ་ལུ་འགྱོཝ་ཨིན་ཟེར་ཞུ་ནུག།
དགུང་ལྷ་ལུ་ ཚོགས་རྫས་སྣ་ཚོགས་ཕུལ་ཏེ་ ལྷ་གསོལ་བའི་བསྒང་།
ཟླ་བའི་རྒྱལ་པོ་གིས་ ལྷ་བྱོན་པའི་སྐབས་ མི་ག་ལུ་ གདན་མ་འཐིང་རུང་ ལྷ་ལུ་གདན་འཐིང་དགོ་ མི་ག་ལུ་ གུར་མ་སྤུབ་རུང་ ལྷ་ལུ་གུར་སྤུབ་དགོ་ གཡས་ལུ་ལོ་གསུམ་སོང་བའི་ ལོ་ཆང་ཟེར་ སིང་ཆང་བཀང་ གཡོན་ལུ་ ལོ་གསུམ་སོང་བའི་ ལོ་ཆང་ཟེར་ ཨ་རག་བཀང་སྟེ་ གདོང་ཁ་ལུ་ གསེར་སྐྱེམས་ཀྱི་ མཆོད་པ་ཕུལ་དགོཔ་སྦེ་ གསུངས་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རིམ་པ་བཞིན་དུ་ ལྷ་དེ་ ཉི་མའི་གཡུས་ཁར་དང་ སྐར་མའི་གཡུས་ཁར་ འཇའ་ཚོན་གྱི་གཡུས་ཁར་ རི་རབ་ཀྱི་གཡུས་ཁར་ སྤྲིན་གྱི་གཡུས་ཁར་ཕེབས་རུང་ ཧེ་མ་ འགོ་དང་པ་ ཟླ་བའི་རྒྱལ་པོ་གིས་ གསུངས་དོ་བཟུམ་སྦེ་ གཞན་གྱིས་གསུངས་ཡོདཔ་ལས་ མཇུག་ར རིམ་པ་བཞིན་དུ་ ཡར་ལུང་སོག་པའི་གཡུས་ཁར་ཕེབས་ད་ མི་ཚུ་གིས་ ལྷ་འོ་ལྡེ་དགུང་རྒྱལ་ག་ཏེ་བྱོན་སྨོ་ཟེར་ཞུཝ་ད་ ནོར་གྱི་གཡང་ ཟས་ཀྱི་བཅུད་ གོས་ཀྱི་དྲོད་ མིའི་དཔོན་འབད་བར་ འོང་ཡི་ཟེར་ གསུངས་ཡོདཔ་ལས་ བོན་པོའི་ཆོས་ལུགས་ཀྱི་ བསྟན་པའི་བདག་པོ་ སྟོན་པ་གཤེན་རབ་ཀྱིས་ ལྷ་ལུ་ བསང་བཏང་ ཁྲུས་གསོལ་ཕུལ་སྦེ་ ལྷ་ལུ་གུར་སྤུབས་ གདན་འཐིང་ ལྷའི་གཡས་དང་གཡོན་ལུ་ ལོ་ཆང་དང་ གསེར་སྐྱེམས་ཚུ་ཕུལ་ཏེ་ འཇིག་རྟེན་མི་ཡུལ་ལུ་ གདན་འདྲེན་ཞུ་ཞིནམ་ལས་ཚུར་ འཇིག་རྟེན་གྱི་ ཁམས་འདི་ནང་ དགའ་སྐྱིད་བྱུང་ཡོད་པའི་ ཡིད་ཆེས་བསྐྱེདཔ་ཨིན་པས།
བོན་པོ་ཁྲོ་ཅུང་གིས་ སླབ་མིའི་ནང་ མ་གཞི་ ཁོ་ར་ སྒོམ་ཆེན་ཅིག་ཨིན་རུང་ ཁོ་ར་ བོན་ལྷ་བསྟེན་མི་ཅིག་འབདཝ་ལས་ བོན་ལྷ་གསོལ་དོ་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ བོན་པོའི་བརྒྱུད་པ་ཡོད་རུང་ བརྒྱུད་པ་རབས་ཆད་སོཔ་ལས་ ཁོ་གིས་ བོན་ལྷ་གསོལ་ཏེ་ དུས་ཅི་ ལོ་༢༥ ལྷག་སོ་ཡི་ཟེར་ བཤདཔ་ཨིན་པས།
ཁྲོ་ཅུང་ལུ་ ཚ་གྱང་ཅིག་ ཁོ་ར་མེད་པའི་ཤུལ་ལུ་ གསོལ་ཆོད་ཕུལ་མི་ མི་འོང་ནི་ཨིན་མི་དེ་ཨིནམ་ད་ ད་རེས་ནངས་པར་ སློབ་གྲྭ་ནང་འགྱོ་མི་ ན་གཞོན་ཚུ་གིས་ འདི་བཟུམ་མའི་ ལམ་སྲོལ་ལུ་ མཐོང་རྒྱ་ཆུང་མི་ལུ་བརྟེན་ དགུང་ལྷ་ཉམས་འགྱོ་ནི་མས་ཟེར་ བོན་པོ་གིས་ བཤདཔ་མས་ཟེར་ ཞུ་ནི་ཨིན།

ཚེ་རིང་སྒྲོལ་མ། ཞིབ་རོགས་ལེགས་སྦྱར་བ།
སྟག་རྩེ་སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ།

About admin

Check Also

ས་གནས་གཞུང་ནང་ རྫོང་བདག་གི་ འགན་ཁུར་ག་ཅི་ཨིན་ན?

༉ ས་གནས་གཞུང་ལུ་ དབང་ཚད་ཕྱིར་སྤེལ་འབད་མི་ལུ་བརྟེན་ རྫོང་བདག་གམ་ རྫོང་ཁག་བཀོད་ཁྱབ་གཙོ་འཛིན་གྱི་ འགན་ཁུར་དེ་ བསྐྱར་འགྲེལ་ཐོག་ གསལ་རིལ་རི་སྦེ་བཟོ་དགོ་པའི་ དགོས་མཁོ་བྱུང་སྟེ་ཡོདཔ་ཨིན་པས། རྫོང་བདག་གི་ འགན་འཁྲི་དང་ དབང་ཚད་ཕྱིར་སྤེལ་བྱ་སྒོའི་ རིམ་པ་ཚུ་ དབྱེ་དཔྱད་འབད་ནིའི་དོན་ལུ་ བློན་ཆེན་ཌོག་ཊར་ …

Leave a Reply

Your email address will not be published. Required fields are marked *