ཁམ་ཤིང་མེ་ཏོག་དང་ ཁྲུང་ཁྲུང་གིས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་འབད་ནི།

ཁ་ཙ་ཕྱི་རུ་ འབྲུག་མི་ཚུ་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་ སྔོན་འགྲོའི་གྲུབ་འབྲས་ཚུ་ རྒྱང་མཐོང་ཊི་བི་དང་ འགྲུལ་འཕྲིན་ཚུ་ནང་ བལྟ་སྡོད་པའི་སྐབས་ ཁོང་གིས་ སྲིད་དོན་ཚོགས་པ་རྙིང་ཤོས་ཅིག་ཨིན་མི་ འབྲུག་ཕུན་སུམ་ཚོགས་པ་དང་ འདས་པའི་ཟླཝ་དང་པ་ཅིག་ལས་ ཡོངས་གྲགས་ཐོན་མི་ སྲིད་ཚོགས་གསརཔ་ འབྲུག་མཉམ་རུབ་ཚོགས་པའི་བར་ན་ ཚོགས་རྒྱན་གྱི་ གྱངས་ཁ་ལུ་ ཁྱད་པར་སྦོམ་མེད་པའི་ མཐོང་གསལ་བྱུང་ནུག།

དེ་འབདཝ་ལས་ མཐར་འཁྱོལ་བྱུང་མི་ ཚོགས་པ་༢ ཀྱིས་ སྤྱི་ཟླ་༡༠ པའི་ཚེས་༡༨ ལུ་ འགོ་འདྲེན་འཐབ་ནི་ཨིན་མི་ སྤྱིར་བཏང་བཙག་འཐུའི་ནང་ དོ་འགྲན་འབད་ནི་ཨིན་པས།

འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་གྱི་ གྱངས་ཁ་མཐོ་ཤོས་༩༢,༧༢༢ ཐོབ་སྟེ་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ཚུ་གི་ སྣ་ཁྲིད་འབད་ཡོདཔ་བཞིན་དུ་ དེ་གི་ཤུལ་ལས་ར་ ཁྱད་པར་སྦོམ་མེདཔ་སྦེ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཚོགས་རྒྱན་༩༠,༠༢༠ ཐོབ་ཅི།

མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་༡༦ ནང་ རྒྱལ་ཁ་ཐོབ་པའི་གར་ ཕུན་སུམ་ཚོགས་པ་གིས་ འདེམས་ཁོངས་༢༢ རྒྱལ་ཡོདཔ་མ་ཚད་ ཚོགས་པ་ཡོངས་གྲགས་ཡོད་སའི་ འདེམས་ཁོངས་ཚུ་ནང་ ཚོགས་རྒྱན་རྒྱ་ཆེཝ་སྦེ་ཐོབ་ནུག།

མི་སེར་དམངས་གཙོ་ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་ནང་ རྒྱལ་ཁ་ཐོབ་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་ཚུ་ནང་ ཕམ་སོཔ་ལས་ ཚོགས་རྒྱན་གྱི་ གྱངས་ཁ་ནང་ ཁྱད་པར་སྦོམ་ བཟོ་ཡོདཔ་ད་ ཚོགས་པ་གིས་ འཕྲུལ་ཆས་ཚོགས་རྒྱན་༥༦,༡༨༠ ཐོབ་སྟེ་ འདེམས་ཁོངས་༩ ནང་ རྒྱལ་ཁ་ཐོབ་ཡོད་རུང་ འགྲེམ་ཐོག་ཚོགས་རྒྱན་༢༣,༧༠༣ རྐྱངམ་གཅིག་ཐོབ་ནུག།

འགོ་ཐོག་བཙག་འཐུ་ནང་ དོ་འགྲན་འབད་མི་ སྲིད་ཚོགས་གསརཔ་ འབྲུག་ཀུན་མཉམ་ཚོགས་པ་གིས་ ཚོགས་རྒྱན་༢༨,༤༨༡ མ་གཏོགས་ཐོབ་མ་ཚུགས། ཚོགས་པ་གིས་ འཕྲུལ་ཆས་དང་ འགྲེམ་ཐོག་ཚོགས་རྒྱན་གཉིས་ཆ་ར་ ཉུང་སུ་ཐོབ་ཡོདཔ་ཨིན་པས།

དེ་ལས་ བརྒྱ་ཆའི་ཐད་ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ ཚོགས་རྒྱན་བརྒྱ་ཆ་༣༡.༨ དང་ འབྲུག་ཕུན་སུམ་ཚོགས་པ་གིས་ བརྒྱ་ཆ་༣༠.༩ མི་སེར་དམངས་གཙོ་ཚོགས་པ་གིས་ བརྒྱ་ཆ་༢༧.༤ འབྲུག་ཀུན་མཉམ་ཚོགས་པ་གིས་ བརྒྱ་ཆ་༩.༧ ཐོབ་ནུག།

དེ་འབདཝ་ད་ བཙག་འཐུའི་གྲུབ་འབྲས་ཚུ་ སྔོན་འགྲོ་ཨིནམ་ལས་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ ད་རིས་ གཞུང་འབྲེལ་ཐོག་ལས་ གསལ་བསྒྲགས་འབད་ནི་ཨིན་པས།

ཁ་ཙ་ འབྲུག་པའི་མི་སེར་༡༨༢,༥༩༥ གིས་ འཕྲུལ་ཆས་ཐོག་ ཚོགས་རྒྱན་བཙུགས་ཡོད་རུང་༡༠༨,༡༤༩ གིས་ འགྲེམ་ཐོག་དང་ ལྷན་ཐབས་ས་ཁོངས་ཚུ་ལས་ བཙུགས་ཡོདཔ་ཨིན་པས།

ད་རུང་ བཙག་འཐུ་ནང་ ཚོགས་རྒྱན་བཙུགས་མི་བརྒྱ་ཆ་༥༩.༨༩ གིས་ བཅའ་མར་གཏོགས་མི་ལས་ ཨམ་སྲུ་༩༤,༥༩༥ དང་ ཕོ་སྐྱེས་༨༨,༠༠༠ གིས་ འཕྲུལ་ཆས་ཐོག་ ཚོགས་རྒྱན་བཙུགས་ཡོདཔ་ད་ ཕོ་སྐྱེས་༥༦,༣༩༨ དང་ ཨམ་སྲུ་༥༡,༧༥༡ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནུག།

ཚོགས་རྒྱན་གྱི་ཉིན་མར་ ཚོགས་རྒྱན་ས་ཁོངས་སོ་སོའི་ནང་ དཀའ་ངལ་དུམ་གྲ་རེ་ ཐོན་ཡོདཔ་ད་ དེ་ཡང་ སེམས་དང་མ་ལྡན་མི་ ཚོགས་རྒྱན་སྐྱུར་མི་ ལ་ལོ་ཅིག་གིས་ བཙག་འཐུ་ལྷན་ཚོགས་ཀྱི་ ཡིག་ཚང་ལྟེ་བ་ནང་སོང་སྟེ་ ཁོང་ལུ་ཤེས་རྟོགས་མེད་པར་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་འབད་དེ་ ཚོགས་རྒྱན་ས་ཁོངས་ནང་ ཁོང་རའི་ ཚོགས་རྒྱན་བཙུགས་ནི་གི་ ཐོབ་དབང་མ་བྱིན་ཟེར་ འགོ་དཔོན་ཚུ་ལུ་ ཧད་བཏགས་འཚོལ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ཚོགས་རྒྱན་བཙུགས་ནི་གི་ གོ་སྐབས་མ་ཐོབ་མི་ ལེ་ཤ་ཅིག་གིས་ བཙག་འཐུ་འགོ་དཔོན་ཚུ་ལུ་ འགྲུན་འཕྲིན་བཏང་སྟེ་ དྲི་བཀོད་འབད་ཡོདཔ་ད་ ཆརཔ་ལུ་བརྟེན་ འཁོར་ལམ་བསུབས་པའི་ གནད་དོན་དག་པ་ཅིག་ཐོན་ནུག།

ཁ་ཙ་ཕྱི་རུ་ ལུང་ནག་ནང་ཐང་ཟ་ལུ་ཡོད་མི་ ཚོགས་རྒྱན་ས་ཁོངས་ནང་ ཚོགས་རྒྱན་འཕྲུལ་ཆས་ཚུ་གིས་ དཀའ་ངལ་བྱིནམ་ལས་ བཙག་འཐུའི་གྲུབ་འབྲས་ཚུ་ བསྐྱལ་ནི་ལུ་ དུས་ཡུན་དུམ་གྲ་ཅིག་ འགོར་ཡོདཔ་ཨིན་པས།

དེ་འབདཝ་ད་ དཀའ་ངལ་སྦོམ་ ག་ནི་ཡང་ མ་ཐོནམ་ལས་ བཙག་འཐུ་དེ་ མཐར་འཁྱོལ་བྱུང་ཡི་ཟེར་ བཙག་འཐུ་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

མི་ཚུ་གིས་ ག་དེ་སྦེ་ ཚོགས་རྒྱན་བཙུགས་ཅི་ག?

འབྲུག་ཀུན་མཉམ་ཚོགས་པ་གིས་ འདེམས་ཁོངས་ཕུད་རྡོག་གཅིག་ནང་ཡང་ རྒྱལ་ཁ་ཐོབ་མ་ཚུགས་རུང་ འབྲུག་ཕུན་སུམ་ཚོགས་པ་གིས་ ལྷུན་རྩེ་སྒང་ཟུར་-སྨིན་རྒྱས་འདེམས་ཁོངས་མ་གཏོགས་ ཤར་ཕྱོགས་རྫོང་ཁག་ཚུ་གི་ འདེམས་ཁོངས་ཆ་མཉམ་ནང་ལས་ རྒྱལ་ཁ་ཐོབ་ཡོདཔ་མ་ཚད་ སྲིད་ཚོགས་ཀྱི་གཙོ་འཛིན་ པདྨ་རྒྱ་མཚོ་གིས་ དོ་འགྲན་འབད་མི་ བུམ་ཐང་ལུ་ འདེམས་ཁོངས་གཉིས་ཆ་རའི་ནང་ཡང་ རྒྱལ་ཁ་ཐོབ་ནུག།

བྱ་ཁྲུང་ཁྲུང་གིས་ འདེམས་ཁོངས་༢༢ རྒྱལ་ཁ་ཐོབ་མི་ལས་ མོང་སྒར་གྱི་ འདེམས་ཁོངས་༣ དང་ བཀྲིས་སྒང་ལུ་༥ པདྨ་དགའ་ཚལ་གྱི་འདེམས་ཁོངས་༣ བཀྲིས་གཡང་རྩེ་ལུ་༢ བསམ་གྲུབ་ལྗོངས་མཁར་ལུ་༢ གཞལམ་སྒང་ལུ་ འདེམས་ཁོངས་༢ ཆ་རའི་ནང་ རྒྱལ་ནུག།

དེ་ལས་ ལྷུན་རྩེ་སྨན་སྦིས་-བཙན་མཁར་དང་ སྤ་རོ་ལམ་གོང་-ཝང་ཅང་ དེ་ལས་ བསམ་རྩེ་རྡོ་ཕུག་ཅན་-རྟ་སྡིངས་འདེམས་ཁོངས་ཚུ་ནང་ རྒྱལ་ཁ་ཐོབ་ནུག།

ཁམ་ཤིང་མེ་ཏོག་གིས་ ལྷོ་མཚམས་རྫོང་ཁག་ རྩི་རང་དང་ དར་དཀར་ནང་ གསར་སྤང་ཚུ་ནང་ རྒྱལ་ཁ་ཐོབ་ཡོདཔ་མ་ཚད་ བསམ་རྩེ་ལུ་ འདེམས་ཁོངས་༤ ཡོད་མི་ལས་༢ དང་ ཆུ་ཁ་ཕུན་ཚོགས་གླིང་འདེམས་ཁོངས་ སྤ་རོ་རྡོ་དཀར་-ཤར་པ་ ལྷོ་ཐིམ་ཕུག་ དབང་འདུས་ཕོ་བྲང་ཉི་ཤོ་-སྲས་ཕུག་ མགར་ས་ཁ་སྟོད་-ལ་ཡ་ སྤུ་ན་ཁ་གླིང་མུ་ཁ་-སྟོད་ཝང་ ཀྲོང་གསར་ནུབ་སྦིས་-སྟང་སི་སྦྱིས་འདེམས་ཁོངས་ཚུ་རྒྱལ་ནུག།

ཤར་ཕྱོགས་རྫོང་ཁག་ནང་ འབྲུག་མཉམ་རུབ་ཚོགས་པ་གིས་ འདེམས་ཁོངས་ཕུག་རྡོག་གཅིག་ རྒྱལ་མི་དེ་ ལྷུན་རྩེ་སྒང་ཟུར་-སྨིན་རྒྱས་ཨིན་པས།

མི་སེར་དམངས་གཙོ་ཚོགས་པ་གིས་ ཧཱ་འདེམས་ཁོངས་༢ ཆ་ར་ རྒྱལ་ཡོདཔ་ད་ མགར་ས་ཁ་སྨད་-ལུང་ནག་ནང་འདེམས་ཁོངས་དང་ ཆུ་ཁ་ཕུན་ཚོགས་གླིང་ དབང་འདུས་ཕོ་བྲང་ཨ་ཐང་-ཐད་ཚོ་ བྱང་ཐིམ་ཕུག་ ཀྲོང་གསར་བྲག་སྟེང་-གླང་མཐིལ་འདེམས་ཁོངས་ཚུ་ནང་ རྒྱལ་ཁ་ཐོབ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

སྨྱོ་རྫས་དང་ ཏམ་ཁུའི་ཁྲིམས་ལུགས་ གཅིག་མཚུངས་ལག་ལེན་གྱི་ སྦྱོར་བརྡར།

༉ སྨྱོ་རྫས་དང་ ཏམ་ཁུའི་ཁྲིམས་ལུགས་ དེ་ལས་ བྱ་རིམ་ཚུ་ གཅིག་མཚུངས་སྦེ་ ལག་ལེན་འཐབ་ནིའི་དོན་ལུ་ ཤར་ཕྱོགས་རྫོང་ཁག་གི་ ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གི་དོན་ལུ་ ཁ་ཙ་ལས་ བཀྲིས་སྒང་ལུ་སྦེ་ ཉིན་གྲངས་༣ འབད་མི་ སྦྱོང་བརྡར་ལས་རིམ་ཅིག་ …

Leave a Reply

Your email address will not be published. Required fields are marked *