གཞི་རྟེན་མཐུན་རྐྱེན་ཚུ་ མེདཔ་ཐལ་ཡོད་མི་ ཁ་སྨད་ཐང་སྤྱི་འོག་གི་དུར་ཁྲོད།

ཁ་སྨད་ཐང་སྤྱི་འོག་གི་དུར་ཁྲོད་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་ མེདཔ་ཐལ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་ ཕུན་ཚོགས་ཐང་རྒེད་འོག་ ཁ་སྨད་ཐང་སྤྱི་འོག་ནང་ཡོད་མི་ དུར་ཁྲོད་དེ་ ལོ་ལེ་ཤ་མ་ལང་རུང་ གསང་སྤྱོད་དང་ འཐུང་ཆུ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་མེདཔ་ལས་ མི་ཚུ་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས།
ད་རེས་ དུར་ཁྲོད་དེ་ཁར་ དཀོན་གཉེར་དང་ ཡང་ཅིན་ བདག་འཛིན་འཐབ་མི་ཅིག་མེདཔ་ལས་ མཐའ་འཁོར་ལུ་ ཧོན་སྡོང་ལ་སོགས་པ་ཚུ་ སྐྱེས་ཡོདཔ་བཞིན་དུ་ ཆུའི་ཀ་ལི་ཚུ་ཡང་ མེདཔ་ཐལ་ཡོད་མི་ལུ་བརྟེན་ དུར་ཁྲོད་དེ་ཁར་ མེ་སྦྱང་འབད་ནི་དེ་ ལཱ་ཁག་ཨིན་པས།
ཁ་སྨད་ཐང་ལས་ སྐྱེས་ལོ་༥༡ ལང་མི་ ར་བི་ལཱལ་ཨ་དི་ཀ་རི་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཧེ་མ་ འཐུང་ཆུའི་མཐུན་རྐྱེན་ཚུ་ཡོད་རུང་ རི་དྭགས་གླངམོ་ཆེ་ཚུ་གིས་ ཆུ་དུང་ཚུ་ བཏོན་བཀོག་བའི་ཁར་ ཉམས་བཅོས་འབད་མི་མེདཔ་ལས་ ད་རེས་ དུར་ཁྲོད་ཁར་ འཐུང་ཆུ་མེད་པར་ ལོ་༢ དེ་ཅིག་ ལང་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མེ་སྦྱང་གི་སྐབས་ དུར་ཁྲོད་དེ་ཁར་ བཞེས་སྒོ་འབད་དགོ་དོ་ཡོདཔ་བཞིན་དུ་ ཐབ་ཚང་གི་ གནས་སྟངས་ཚུ་ཡང་ ལེགས་ཤོམ་མེདཔ་ལས་ རྒེད་འོག་བདག་སྐྱོང་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ འཐུང་ཆུ་བཏོན་ཏེ་ ཐབ་ཚང་ཡང་ ཉམས་བཅོས་འབད་བ་ཅིན་ ཕན་ཐོགས་ཆེ་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༢༧ ལང་མི་ བསྟན་འཛིན་ཚེ་དབང་གིས་ སླབ་མིའི་ནང་ དུར་ཁྲོད་དེ་གིས་ རྒེད་འོག་གི་ མི་སེར་ཚུ་ལུ་ ཕན་ཐོགས་བྱུང་ཡོད་རུང་ གློག་མེ་དང་ གསང་སྤྱོད་ཀྱི་ མཐུན་རྐྱེན་ཚུ་མེད་པའི་ཁར་ གསུང་ཆོག་གནང་ས་ལུ་ ལྡེབས་རིས་ལ་སོགས་པ་ཚུ་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་ སྤྱི་འོག་ཚོགས་པ་དང་ རྒེད་འོག་བདག་སྐྱོང་ལུ་ ག་དེམ་ཅིག་སྙན་ཞུ་འབད་རུང་ ད་ལྟོ་ཚུན་ ག་ཅི་ཡང་ འབད་ནི་མིན་འདུག་ཟེར་ཨིནམ་ད་ དུར་ཁྲོད་དེ་ དེ་སྦེ་ར་ བཀོག་བཞག་པ་ཅིན་ དེ་ཁའི་སྒྲིང་ཁྱིམ་ཚུ་ཡང་ མེདཔ་ཐལ་ནིའི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ སྐྱེས་ལོ་༤༧ ལང་མི་ བློ་གྲོས་བཟང་མོ་གིས་ སླབ་མིའི་ནང་ ད་རེས་ དུར་ཁྲོད་དེ་ཁར་ གཞི་རྟེན་མཐུན་རྐྱེན་མང་ཤོས་ར་མེདཔ་ལས་ མི་མང་ཤོས་ཅིག་གིས་ ཕུངམོ་ཚུ་ མེ་སྦྱང་འབད་བར་ དུར་ཁྲོད་དེ་ཁར་ འབག་འོང་མི་བཏུབ་པས་ཟེར་ཨིན་པས།
མོ་གིས་ འབད་བ་ཅིན་ དུར་ཁྲོད་བཟོ་སྐྲུན་འབད་དེ་ ལོ་༥ དང་༦ ལྷགཔ་ཅིག་ལང་རུང་ ད་ལྟོའི་བར་ན་ཡང་ མཐུན་རྐྱེན་ཚུ་ གཞི་བཙུགས་འབད་མ་ཚུགས་པར་ ལུས་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ཧ་མ་གོ་ཟེར་ཨིནམ་ད་ རྒེད་འོག་བདག་སྐྱོང་གིས་ འཕྲལ་མགྱོགས་ར་ གཞི་རྟེན་མཐུན་རྐྱེན་ཚུ་ གཞི་བཙུགས་འབད་དགོཔ་ ཁག་ཆེ་བས་ཟེར་ཨིན་པས།
གཡུས་མི་ཚུ་གིས་ སླབ་མིའི་ནང་ དུར་ཁྲོད་དེ་ རི་དྭགས་གླངམོ་ཆེ་ཚུ་ འཁྱམས་སྡོད་སའི་ ས་ཁོངས་ངོ་མ་ཅིག་ཨིནམ་བཞིན་དུ་ ད་རེས་ དུར་ཁྲོད་ཀྱི་ མཐའ་འཁོར་ཚུ་ག་ར་ ཧོན་སྡོང་ཚུ་གིས་གང་སྟེ་ ཚལ་མ་བཟུམ་ཅིག་ལུ་གྱུར་ཡོདཔ་ལས་ དེ་ཁར་ མེ་སྦྱང་ཚུ་འབད་བའི་སྐབས་ ཉེན་ཁ་ཡོདཔ་མ་ཚད་ ཧོན་སྡོང་ཚུ་ བརྫམ་དགོཔ་ད་ ཡང་ཅིན་ རྩིགཔ་རྐྱབ་པ་ཅིན་ རི་དྭགས་གླངམོ་ཆེ་ཚུ་ལས་ སྲུང་སྐྱོབ་འབད་ཚུགས་ནི་མས་ཟེར་ཨིན་པས།
ཁ་སྨད་ཐང་ སྤྱི་འོག་ཚོགས་པ་ ཀརྨ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ དུར་ཁྲོད་ཀྱི་སྐོར་ལས་ རྒེད་འོག་ཚོགས་སྡེ་ནང་ ཚར་༢ དེ་ཅིག་ སྙན་ཞུ་འབད་ཡོདཔ་བཞིན་དུ་ འཐུང་ཆུ་དེ་ ཧེ་མ་བཏོན་ཡོདཔ་ལས་ འཕྲལ་མགྱོགས་ར་ ཉམས་བཅོས་འབད་དེ་ ལོག་གཏོན་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གློག་མེའི་ཐད་ཁར་ དུར་ཁྲོད་དེ་ཁར་ གློག་མེ་མཐུད་སྦྲེལ་འབད་ནི་ལུ་ མ་དངུལ་ལེ་ཤ་གནས་ནི་ཨིནམ་བཞིན་དུ་ འབྲུག་གློག་མེ་ལས་འཛིན་གྱི་ཁ་ཐུག་ལས་ རྒེད་འོག་གིས་ མ་དངུལ་བྱིན་པ་ཅིན་ མཐུད་སྦྲེལ་འབད་ནི་སྦེ་ སླབ་ཡོད་རུང་ ད་ལྟོ་ རྒེད་འོག་ནང་ མ་དངུལ་མིན་འདུག་ཟེར་ཨིན་པས།
དྲུང་ཁག་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུར་ཁྲོད་དེ་ སྤྱི་ལོ་༢༠༡༤ དང་༢༠༡༥ ལུ་ དྲུང་ཁག་གིས་ བཟོ་སྐྲུན་འབད་ཡོདཔ་བཞིན་དུ་ ས་ཁོངས་དེ་ ཕུན་ཚོགས་ཐང་རྒེད་འོག་ནང་ ཚུད་ནི་དེ་གིས་ ཕུན་ཚོགས་ཐང་རྒེད་འོག་ལུ་ རྩིས་སྤྲོད་འབད་རུང་ རྒེད་འོག་༤ གི་ མི་ཚུ་གི་དོན་ལུ་ཨིནམ་ལས་ ཉམས་བཅོས་འབད་ནིའི་དོན་ལུ་ རྒེད་འོག་གཞན་༣ གྱིས་ཡང་ མ་དངུལ་གྱི་ རྒྱབ་སྐྱོར་འབད་དགོ་ཟེར་ཨིན་པས།
ཕུན་ཚོགས་ཐང་རྒཔོ་ འཇམ་དབྱངས་རྒྱལ་མཚན་གྱིས་ སླབ་མིའི་ནང་ དུར་ཁྲོད་ཉམས་བཅོས་ལ་སོགས་པ་ཚུ་ རྒེད་འོག་གིས་ར་ འབད་དགོཔ་སྦེ་ སླབ་དེས་ཟེར་ ཨིནམ་བཞིན་དུ་ རི་དྭགས་གླངམོ་ཆེ་ཚུ་ལས་ ཉེན་སྲུང་འབད་ཐབས་ལུ་ ཉི་དྲོད་གློག་ཤུགས་སོ་ལར་གྱི་ ར་བ་ཚུ་ཡང་ དགོཔ་ཡོད་རུང་ མ་དངུལ་ལོགས་སུ་མེད་པའི་ གདོང་ལེན་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ དུར་ཁྲོད་དེ་ཁར་ འཐུང་ཆུ་ལ་སོགས་པའི་ མཐུན་རྐྱེན་ཚུ་ ཧེ་མ་ལས་ བྱིན་ཡོད་རུང་ རི་དྭགས་གླངམོ་ཆེ་ཚུ་གིས་ མེདཔ་བཏང་ཡོདཔ་ད་ དུར་ཁྲོད་དེ་གིས་ རྒེད་འོག་༤ གི་ མི་ཚུ་ལུ་ ཕན་ཐོགས་ཡོད་རུང་ རྒེད་འོག་གཞན་མི་༣ གྱིས་ མ་དངུལ་གྱི་རྒྱབ་སྐྱོར་ འབད་མི་བཏུབ་དོ་ཡོདཔ་ལས་ འགན་ཁུར་དེ་ ཕུན་ཚོགས་ཐང་རྒེད་འོག་རྐྱངམ་གཅིག་ལུ་ བཀལ་བཞག་པའི་ དཀའ་ངལ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། བསམ་གྲུབ་ཆོས་གླིང་།

 

About admin

Check Also

ཀེ་བ་སྦོམ་ཆུང་དང་འཁྲིལ་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༩ དང་༢༤ གི་བར་ན་ བཙོང་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ འབྲུག་བཟའ་སྤྱོད་ལས་འཛིན་གྱི་ རིན་བསྡུར་ཁང་ནང་ ཀེ་བ་བཙོང་པར་ འབག་འོང་མི་ སོ་ནམ་པ་ཚུ་ སེམས་དགའ་སྟེ་ཡོད་མི་དེ་ཡང་ ད་ལྟོ་ གོང་ཚད་ལེགས་ཤོམ་ཐོབ་ནི་དེ་གིས་ཨིན་པས། ཁ་ཙ་ ཀེ་བ་རིན་བསྡུར་ཐོག་ལས་བཙོངམ་ད་ ཀེ་བ་དམརཔོ་སྦོམ་ ཀེ་ཇི་རེ་གིས་ མཐོ་ཤོས་དངུལ་ཀྲམ་༢༤ …

Leave a Reply

Your email address will not be published. Required fields are marked *