གཏེར་སྟོན་འཇིགས་མེད་གླིང་པ་དང་ པདྨ་གླིང་པ་ལ་སོགས་པའི་ གཏེར་འཆམ་རྐྱབ་པའི་བསྒང་།

ཁ་ཙ་ བྱིན་རླབས་ཅན་གྱི་ དུང་དཀར་དགོན་པའི་ལོ་བསྟར་ཚེས་བཅུ་ གྲོལ་ཡོདཔ།

༉ པདྨ་དགའ་ཚལ་ མཁར་རྒེད་འོག་ དུང་དཀར་དགོན་པའི་ ལོ་བསྟར་ཚེས་བཅུ་དེ་ རྒྱལ་ཁབ་ཀྱི་ ས་གནས་ག་ཏེ་ཡང་ གནང་སྲོལ་མེད་པའི་ སྐུ་འཆམ་གྱི་རིགས་ཚུ་ མཇལ་ཁ་གནང་དོ་ཡོདཔ་ལས་ བྱིན་རླབས་ཅན་ཅིག་ཨིནམ་ད་ ཚེས་བཅུ་དེ་ རྒེད་འོག་གི་ སྤྱི་འོག་༣ གྱིས་ སྐོར་རྒྱབ་ཐོག་ལས་ རྒྱབ་སྐྱོར་འབད་དེ་ འགོ་འདྲེན་འཐབ་ཨིན་པས།
སྤྱི་ཟླ་༤ པའི་ཚེས་༡༢ ལས་ འགོ་བཙུགས་མི་ ཉིན་གྲངས་༤ གི་ ལོ་བསྟར་ཚེས་བཅུ་དེ་ ཁ་ཙ་ རྒསཔོ་དང་རྒསམོ་ཟེར་ ཕོ་ལེགས་མོ་ལེགས་ཀྱི་ སྐུ་འཆམ་དང་གཅིག་ཁར་ གཏོརམ་ཕངས་ཏེ་ གྲོལ་ཡོདཔ་ད་ ཚེས་བཅུ་མཇལ་བར་འོང་མི་ཚུ་གིས་ དེ་ཁར་ གུར་སྤུབས་སྡོད་མི་ཚུ་ཡང་ གུར་ཚུ་བཤིག་སྟེ་ ལོག་གཡུས་ཁར་ འགྱོ་སར་མཐོང་ཅི།
འཆམ་གྱི་དོ་དམ་ སྐྱེས་ལོ་༥༡ ལང་མི་ བྱང་ཆུབ་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ དུང་དཀར་དགོན་པའི་ ལོ་བསྟར་ཚེས་བཅུ་དེ་ དུས་རབས་ག་དེམ་ཅིག་ནང་ ག་གིས་ གཞི་བཙུགས་གནང་ཡོདཔ་ཨིན་ན་ ཡིག་ཐོག་གུ་ བཀོད་བཞག་བཞགཔ་ མིན་འདུག་ཟེར་ཨིནམ་ད་ ཨིན་རུང་ ཕམ་རྒན་ཤོས་ཚུ་གིས་ དུས་རབས་༡༥ པའི་ནང་ གཏེར་སྟོན་འཇིགས་མེད་གླིང་པ་གིས་ གཞི་བཙུགས་གནང་སྟེ་ ད་རེས་འབདཝ་ད་ མི་ལོ་༤༠༠ ལྷག་ཡོདཔ་སྦེ་ སླབ་ནི་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གཏེར་སྟོན་འཇིགས་མེད་གླིང་པའི་སྐབས་ལས་ར་ གཞན་དང་མ་འདྲ་བའི་ བྱིན་རླབས་ཅན་གྱི་ གཏེར་འཆམ་གྱི་རིགས་ཚུ་ གཞི་བཙུགས་གནང་ནུག་ཟེར་ཨིནམ་ད་ ཚེས་བཅུ་ཉིནམ་དང་པའི་ནང་ ཁྱུང་འཆམ་དང་ གཤིན་རྗེ་འཆམ་ ཞྭ་ནག་གླིང་པ་ སངས་རྒྱས་གླིང་པ་ དེ་ལས་ རྡོ་རྗེ་གླིང་པ་དང་ པདྨ་གླིང་པའི་ གཏེར་འཆམ་ཚུ་ མཇལ་ཁ་གནང་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉིནམ་༢ པའི་སྐབས་ ཁྱུང་འཆམ་དང་ གཤིན་རྗེ་ཕོ་མོ་ ཞྭ་ནག་གླིང་པ་དང་ དགྲ་བོའི་སྐུ་འཆམ་ལ་སོགས་པ་ཚུ་ གནང་དོ་ཡོདཔ་ད་ དགྲ་བོའི་འཆམ་ལུ་ ད་རེས་ནངས་པ་ བརྗོད་སྒྲ་ཉམས་ཏེ་ དགྲའི་འཆམ་ཟེར་ སླབ་དོ་ཡོདཔ་བཞིན་དུ་ དགྲ་བོའི་འཆམ་དེ་ སྐུ་འཆམ་གྱི་ཐོག་ དགྲ་བོ་གྲལ་མི་དེ་ལུ་ སླབ་ཨིན་པས།
ཚེས་བཅུ་ཉིནམ་༣ པའི་སྐབས་ དྲོ་པ་ལྷ་ཁང་གི་ནང་ན་ ཁྱུང་འཆམ་རྐྱབ་པའི་ཤུལ་ལས་ ཤ་བ་ཤ་ཁྱི་དང་ གུ་རུ་མཚན་བརྒྱད་ རིགས་མ་བཅུ་དྲུག་ བར་དོའི་སྐུ་འཆམ་ཚུ་ གནང་དོ་ཡོདཔ་བཞིན་དུ་ ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ཁར་ རྡོ་གཅལ་ནང་སྦེ་ གཏེར་སྟོན་འཇིགས་མེད་གླིང་པ་དང་ རཏྣ་གླིང་པའི་གཏེར་འཆམ་ རྐྱབ་ཨིན་པས།
དེ་ལས་ ཉིནམ་མཇུག་ལུ་ ཕོ་ལེགས་མོ་ལེགས་ཀྱི་ སྐུ་འཆམ་མཇལ་ཁ་གནང་པའི་ཤུལ་ལས་ གཏོརམ་ཕངས་ཏེ་ གྲོལ་དོ་ཡོདཔ་ད་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ཟླ་༤ པའི་ཚེས་༡༢ ལས་ འགོ་བཙུགས་ཡོད་རུང་ སྤྱི་ཚེས་༡༡ གི་ནུབ་མོའི་ཆུ་ཚོད་༡༢ དེ་ཅིག་ཁར་ གཏེར་འཆམ་སྒྱེན་མོ་སྦེ་ རྐྱབ་ནི་ཡོད་ཟེར་ཨིན་པས།
བྱང་ཆུབ་རྣམ་རྒྱལ་གྱིས་ སླབ་མིའི་ནང་ སྤྱི་འོག་༣ གྱི་ མི་ཚུ་གིས་ ཚེས་བཅུ་མཇལ་ནིའི་དོན་ལས་ དགོན་པ་ལུ་གུར་སྤུབས་ཏེ་ སྡོད་དོ་ཡོདཔ་བཞིན་དུ་ སྐུ་འཆམ་ཚུ་གིས་མ་ཚད་ དགོན་པ་དེ་ཡང་ རྩ་ཅན་ཅིག་ཨིནམ་ལས་ ཚེས་བཅུའི་སྐབས་ དེ་ཁར་ འདོད་སྤྱོད་ལ་སོགས་པ་འབད་ནི་མེད་པའི་ཁར་ ཨམ་སྲུ་ཨ་ལོ་སྐྱེས་མི་དང་ སྒྲིབ་ཞུགས་མིའི་རིགས་ཚུ་ ལྷ་ཁང་གི་ནང་ན་ འཛུལ་མི་ཆོག་ཟེར་ཨིནམ་ད་ དེ་མེན་པ་ཅིན་ ཆརཔ་རྐྱབ་ནི་ལ་སོགས་པའི་ བར་ཆད་ཚུ་ རྐྱབ་ནི་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་ཚུ་གིས་ དུང་དཀར་དགོན་པའི་ ཚེས་བཅུ་མཇལ་བར་འགྱོ་ནིའི་ མནོ་བསམ་བཏང་སྟེ་ ཤུལ་ལས་ལྷོད་མ་ཚུགས་པ་ཅིན་ བཟའ་ཚང་ནང་མི་ཚུ་ལུ་ བར་ཆད་འབྱུང་ནི་ཡོདཔ་མ་ཚད་ འཆམ་རྐྱབ་མི་ཚུ་ཡང་ ས་གནས་ག་ཏེ་ཡོད་རུང་ ཚེས་བཅུའི་སྐབས་ ངེས་པར་དུ་ ལྷོད་དགོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་བསྟར་ཚེས་བཅུ་དེ་ མཁར་རྒེད་འོག་གི་ ལ་བར་སྤྱི་འོག་ མཁར་སྤྱི་འོག་དང་ བོང་མཱན་སྤྱི་འོག་༣ གྱི་ མི་སེར་ཚུ་གིས་ སྐོར་རྒྱབ་ཐོག་ མ་དངུལ་ལ་སོགས་པ་ཚུ་ རྒྱབ་སྐྱོར་འབད་དེ་ འགོ་འདྲེན་འཐབ་དོ་ཡོདཔ་ལས་ དུས་ཅི་གི་ ཚེས་བཅུ་དེ་ བོང་མཱན་སྤྱི་འོག་གིས་ འགོ་འདྲེན་འཐབ་ཅི་ཟེར་ བྱང་ཆུབ་རྣམ་རྒྱལ་གྱིས་ བཤདཔ་ཨིན་པས།
དུང་དཀར་དགོན་པའི་ ལོ་བསྟར་ཚེས་བཅུ་དེ་ གཏེར་འཆམ་བྱིན་རླབས་ཅན་དང་ རྩ་ཅན་ཅིག་འབདཝ་ལས་ འདས་པའི་ལོ་ནང་ ཐིམ་ཕུག་ སྟོན་པ་རྡོར་གདན་མའི་སྤྱན་སྔར་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ བཀའ་འགྱུར་གྱི་ ལུང་གནང་པའི་སྐབས་ཡང་ སྐུ་འཆམ་གྱི་རིགས་ཚུ་ སྤྱན་འབུལ་ཞུ་ཡོད་པའི་གནས་ཚུལ།

སྐལ་བཟང་དབང་ཕྱུག། དུང་དཀར་དགོན་པ།

 

About admin

Check Also

བཀྲིས་སྒང་གི་ མི་སེར་ཚུ་གིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ནང་ སྒོ་ནོར་སེམས་ཅན་གཞན་དང་ཕྱདཔ་ད་ མི་སེར་མང་ཤོས་ཀྱིས་ ནོར་གསོ་སྐྱོང་འཐབ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོདཔ་ད་ ནོར་གསོ་ནི་དེ་ ཡོངས་གྲགས་ཐོན་ཏེ་འདུག། དེ་ཡང་ ནོར་གསོ་སྐྱོང་གི་ལཱ་འབདཝ་ད་ སྡིག་པའི་ལཱ་དེ་ཅིག་ར་ མེད་ནི་དེ་གིས་ཨིནམ་ད་ ནོར་གྱི་ཐོན་སྐྱེད་ཚུ་ འཇམ་ཏོང་ཏོ་སྦེ་ ཚོང་འབྲེལ་འཐབ་ཚུགས་ནི་དེ་གིས་ …

Leave a Reply

Your email address will not be published. Required fields are marked *