བང་རྒྱུག་ལས་རིམ་ འགོ་འབྱེད་འབད་བའི་བསྒང་།

ཁ་ཙ་ལས་ ལ་མཐོ་སའི་བང་རྒྱུག་ལས་རིམ་ འགོ་བཙུགས་ཡོདཔ།

༉ ཡོངས་གྲགས་ལུ་ སི་ནོ་མེན་བང་རྒྱུག་ལས་རིམ་དེ་ ཁ་ཙ་ མགར་ས་རྫོང་ལས་ དྲོ་པའི་ཆུ་ཚོད་༦ ལུ་ འགོ་བཙུགས་མི་དེ་གིས་ སྤྱི་ཟླ་༡༠ པའི་ཚེས་༡༧ ལུ་ བུམ་ཐང་ལས་ མཇུག་བསྡུ་ནི་ཨིན་པས།
ལས་རིམ་ནང་ བཅའ་མར་གཏོགས་མི་༧ ལུ་ ལས་རིམ་འགོ་མ་བཙུགས་པའི་ཧེ་མར་ མགར་སའི་བླམ་གནས་བརྟན་གྱིས་ ལྷ་བསངས་ཁྲུས་གསོལ་འབད་བའི་ཤུལ་ལས་ རྫོང་བདག་ཀུན་བཟང་དབང་འདུས་ཀྱིས་ འགོ་འབྱེད་འབད་ཡོདཔ་ཨིན་པས།
རྒྱུག་འགྲན་ནང་ བཅའ་མར་གཏོགས་མི་ཚུ་གིས་ རང་སོའི་ མལ་ཆ་དང་ ཆུའི་དམ་སྦྱིས་ དེ་ལས་ གཞན་གལ་ཆེ་བའི་ ཅ་ཆས་ཚུ་ འབག་ཡོདཔ་ཨིན་པས།
བང་རྒྱུག་ས་ཁོངས་ཚུ་ གྱེན་གཟར་དྲགས་ཡོད་པའི་ཁར་ མཐའ་ཟུར་ནང་འབདཝ་ལས་ འགྲུལ་འཕྲིན་གྱི་ ཞབས་ཏོག་མེདཔ་མ་ཚད་ མི་སྡོད་མི་མེདཔ་ལས་ ཆ་རོགས་འབད་དགོཔ་འཐོན་པ་ཅིན་ ཇི་པི་སེ་གི་ཐོག་ལས་ འབྲེལ་བ་འཐབ་ནི་ཨིན་པས།
བཅའ་མར་གཏོགས་མི་༧ གྱིས་ ཁ་ཙ་ ཆུ་ཚོད་༧ དེ་ཅིག་ནང་ ཀི་ལོ་མི་ཊར་༦༦ རྒྱུག་པའི་ཤུལ་ལས་ རྒྱ་མཚོའི་མཐའ་མ་ལས་ མཐོ་ཚད་མི་ཊར་༤,༢༡༥ གི་ས་ཁར་ཡོད་མི་ རོ་རྡོ་ཕུག་ལུ་ སྒར་བཅགས་ཡོདཔ་ད་ ཁོང་ལུ་ བཞེས་སྒོ་དང་ སྡོད་ནིའི་གུར་ཚུ་ བྱིན་ཡོདཔ་ཨིན་པས།
ད་རིས་ ཁོང་ཆ་ཁྱབ་ཀྱིས་ གངས་ལ་དཀར་ཅུང་བརྒལ་ཏེ་ མཚོ་ཇོ་ལུ་ལྷོད་ནིའི་དོན་ལས་ ལཱ་ཁག་ཤོས་ཅིག་ཨིན་མི་ གངས་ཚུ་བརྒལ་ཏེ་ རྒྱུག་ནི་ཨིནམ་ད་ ཉིནམ་༣ པའི་ནང་ ད་རུང་ ཀི་ལོ་མི་ཊར་༥༩ རྒྱུག་སྟེ་ དགེ་ཆེ་འོགམ་ལུ་ ལྷོད་ནི་ཨིནམ་ད་ དགེ་ཆེ་འོགམ་དེ་ མཐོ་ཚད་མི་ཊར་༤༥༠༠ གི་ས་ཁར་ ཆགས་ཏེ་ཡོདཔ་ད་ ཉིནམ་༤ པ་དེ་ བུམ་ཐང་དུར་ཚ་ཆུ་ཨིན་པས།
ཚ་ཆུ་ལུ་ ལྷོད་ནིའི་དོན་ལས་ ཀི་ལོ་མི་ཊར་༤༧ རྒྱུག་དགོ་ནི་ཨིནམ་ད་ ཉིནམ་མཇུག་ལུ་ བཅའ་མར་གཏོགས་མི་ཚུ་གིས་ ཀི་ལོ་མི་ཊར་༦༥ རྒྱུག་སྟེ་ སྐུ་རྗེས་ལུ་ ལྷོད་ནི་ཨིན་པས།
རྒྱུག་འགྲན་འགོ་མ་བཙུགས་པའི་ཧེ་མར་ བཅའ་མར་གཏོགས་མི་ཚུ་ རྫོང་ཁག་གི་མགྲོན་ཁྱིམ་ནང་ སྡོད་བཅུག་ཡོདཔ་ད་ དེ་བསྒང་ ཁོང་ཆ་ཁྱབ་ལུ་ ལས་རིམ་འགོ་འདྲེན་འཐབ་མིའི་ བཀོད་ཚོགས་ཀྱི་འཐུས་མི་ཚུ་གིས་ བཀོད་རྒྱ་ཚུ་བྱིན་ཡོད་པའི་ཁར་ གཟུགས་ཁམས་འཕྲོད་བསྟེན་ཚུ་ དབྱེ་ཞིབ་འབད་ཡོདཔ་ད་ ཁོང་གིས་ ཁྱིམ་ནང་སྡོད་མི་ཚུ་ལུ་ བརྒྱུད་འཕྲིན་ཚད་མེད་བཏང་སར་ མཐོང་ཡོདཔ་ཨིན་པས།
བཅའ་མར་གཏོགས་མི་ཚུ་གིས་ མགར་ས་ལུ་ ས་གནས་ནང་ ཤུམས་ཚུད་ནིའི་དོན་ལུ་ ཉིན་གྲངས་༡༠ གྱི་ཧེ་མར་ སོང་ཡོདཔ་ལས་ བཅའ་མར་གཏོགས་མི་ག་ར་གིས་ རྒྱུག་འགྲན་དེ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ བཤདཔ་ཨིན་པས།
བསྟན་སྲུང་དམག་མི་དང་ ཞི་གཡོགཔ་ དེ་ལས་ སོ་ནམ་པ་ཚུ་ཡོད་མི་ བཅའ་མར་གཏོགས་མི་ཚུ་གིས་ འདས་པའི་ཟླཝ་༢ ཀྱི་རིང་ སྦྱང་བ་འབད་ཡོད་པའི་ཁར་ སྨོན་ལམ་ཡང་བཏབ་ཡོདཔ་ད་ བཅའ་མར་གཏོགས་མི་ཚུ་གིས་ ཨ་རག་དང་ ཕྱེ་ དེ་ལས་ གཞན་ཡང་ ལ་དུག་མི་ཐོབ་ནིའི་དོན་ལུ་ གུ་རམ་འབག་ཡོདཔ་ཨིན་པས།
བང་རྒྱུག་ལས་རིམ་ མང་རབས་ཅིག་ལས་ རྒྱལ་ཁབ་ཐོབ་པའི་ཁར་ རྒྱལ་སྤྱིའི་གནས་ཚད་ནང་ཡང་ བཅའ་མར་གཏོགས་མི་ དམག་མི་སངས་རྒྱས་དབང་ཕྱུག་གིས་ སླབ་མིའི་ནང་ ལས་རིམ་དེ་ མཇུག་བསྡུ་ཚུགསཔ་འབད་དེ་ མི་ཚུ་ལུ་ གནམ་གཤིས་འགྱུར་བགྲོད་ཀྱི་སྐོར་ལས་དང་ ལ་ཁ་མཐོ་སར་སྡོད་མི་ཚུ་གིས་ གནམ་གཤིས་འགྱུར་བགྲོད་ལུ་ ག་དེ་སྦེ་ར་ འགན་ཁུར་འབག་དོ་ཡོདཔ་ཨིན་ན་ཚུ་ ཧ་གོ་ཚུགསཔ་འབད་ནི་ཟེར་ ཨིན་པས།
ཁོ་གིས་སླབ་མིའི་ནང་ ལ་ཡ་གི་མི་དང་ ལ་བཤལ་ལམ་སྟོན་པ་ཚུ་ལུ་ ལ་དུག་གི་སྐོར་ལས་ དྲི་ཡོདཔ་ལས་ འབད་ཚུགས་པའི་ཡིད་ཆེས་ཡོད་ཟེར་ཨིནམ་ད་ རུ་ཀུ་སྦྱིས་ལས་ཨིན་མི་ སོ་ནམ་པ་ རྟ་མགྲིན་གྱིས་སླབ་མིའི་ནང་ རྒྱུག་འགྲན་དོན་ལུ་ ཁོ་ར་ སྤྲོ་བ་ཡོད་པའི་ཁར་ ཚ་གྱང་ཡང་ ལང་སྟེ་ཡོད་ཟེར་ཨིན་པས།
སང་ཕོད་ལས་ ལ་མཐོ་སར་སྡོད་མི་གཞན་ཚུ་ལུ་ རྒྱུག་འགྲན་ནང་ བཅའ་མར་གཏོགས་ནིའི་ སེམས་ཤུགས་བྱིན་ནིའི་དོན་ལུ་ འགྲན་བསྡུར་མཇུག་བསྡུ་ཚུགསཔ་སྦེ་ར་ རྒྱུག་ནིའི་རེ་བ་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ ཞི་གཡོགཔ་ཅིག་ལས་མེད་མི་ སེངྒེ་རྡོ་རྗེ་གིས་ སླབ་མིའི་ནང་ ལ་མཐོ་སའི་ ཤུམས་ཚུད་ནིའི་དོན་ལུ་ མགར་ས་ལུ་ འགྱོ་སྡོད་མི་དེ་གིས་ རྒྱུག་འགྲན་འབད་ནི་ལུ་ གྲ་སྒྲིག་སོང་ཡི་ཟེར་ཨིན་པས།
མཐོ་ཚད་མི་ཊར་༤,༩༨༠ གི་ས་གནས་ལ་ཡ་ལུ་ རྒྱུག་ནིའི་སྦྱང་བ་འབད་ནི་དེ་གིས་ རྒྱུག་འགྲན་འབད་ནི་ལུ་ བློ་སྤོབས་ཐོབ་ཅི་ཟེར་ ཁོ་གིས་བཤད་པའི་ཁར་ དེ་མིན་ ཁོ་གིས་ ལ་མཐོ་སར་རྒྱུག་ནི་ལུ་ ཚ་གྱང་ལང་སྡོད་ཡི་ཟེར་ ཨིན་པས།
སྒེར་སྡེ་ནང་ལཱ་འབད་མི་ ཀརྨ་སྦྱིན་པ་དབང་གིས་ སླབ་མིའི་ནང་ ཁོ་ར་ རྒྱུག་ནི་ལུ་ སྤྲོ་བ་ཡོད་ཟེར་ཨིནམ་ད་ ཟླཝ་༢ ཀྱི་རིང་ སྦྱང་བ་འབད་མི་དེ་གིས་ སྦྱང་བ་ལེགས་ཤོམ་ཐོབ་ཡོདཔ་ལས་ གྲ་སྒྲིག་ཡོད་ཟེར་ཨིན་པས།
དབང་འདུས་སྲས་ཕུག་ལས་ཨིན་མི་ གཡག་རྫིཔ་རྡོ་རྗེ་ཚེ་དབང་གིས་ ཁོ་ར་ ལ་མཐོ་སར་སྡོད་མི་ཅིག་འབད་ནི་དེ་གིས་ རྒྱུག་འགྲན་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཡོད་རུང་ རྒྱུག་ནིའི་རིང་ཚད་ལུ་ལྟ་སྟེ་ ཚ་གྱང་ལངམ་མས་ཟེར་ ཨིན་པས།
བསྟན་སྲུང་དམག་མི་ གྲུབ་ཐོབ་དབང་ཕྱུག་གིས་ བང་རྒྱུག་ལས་རིམ་ཚུ་ནང་ལས་ རྒྱལ་ཁ་ལེ་ཤ་ཐོབ་ཡོདཔ་ད་ ཁོ་གིས་ཡང་ སྦྱང་བ་ལེ་ཤ་འབད་བའི་ཤུལ་ལས་ མཇུག་བསྡུ་ཚུགས་པའི་ བློ་འདོད་སྦོམ་ཡོདཔ་ཨིན་པས།
རྒྱུག་འགྲན་ངོ་མ་དེ་ སང་ཕོད་སྤྱི་ཟླ་༡༠ པའི་ཚེས་༡༣ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ ལས་རིམ་འགོ་འདྲེན་འཐབ་མི་ བཀོད་ཚོགས་ཀྱི་ འཐུས་མི་ཚུ་གིས་ སླབ་མིའི་ནང་ རྒྱུག་འགྲན་དེ་གིས་ གནམ་གཤིས་འགྱུར་བགྲོད་སྐོར་ལས་ གོ་བརྡ་སྤྲོད་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པས།
ལས་རིམ་དེ་ མི་དབང་མཆོག་གིས་ ལ་མཐོ་སའི་མི་སྡེ་ནང་ གནམ་གཤིས་འགྱུར་བགྲོད་ཀྱི་གནོད་པ་ཚུ་ གཟིགས་ནིའི་དོན་ལུ་ ཐེངས་མང་རབས་ཅིག་ བྱོན་པའི་ཤུལ་ལས་ ཐུགས་དགོངས་བཞེས་མི་ལྟར་ཨིན་ཟེར་ བཤད་པའི་ཁར་ དེ་གིས་ ང་བཅས་ཀྱིས་ གནམ་གཤིས་འགྱུར་བགྲོད་ཀྱི་ ཉམས་སྲུང་དོན་ལུ་ རྩ་འགེངས་མི་ཚུ་ གསལ་སྟོན་འབད་ཚུགས་པའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

གནས་ཚུལ་མདོར་བསྡུས།

སྤྱི་ཟླ་༡༡ པའི་ཚེས་༧ ལུ་ ཐིམ་ཕུག་བདེ་ཆེན་ཕུག་གི་ ལོ་བསྟར་ཚེས་བཅུ་ འགོ་འདྲེན་འཐབ་པའི་སྐབས་ དད་ཅན་བརྒྱ་ལས་བཅད་དེ་ འཛོམས་མི་ཚུ་ལུ་ ཞྭ་ནག་རྔ་འཆམ་དང་ དགེ་བསྙེན་སྐུ་འཆམ་ ཤ་རྫམ་ རྔ་འཆམ་ཚུ་ མཇལ་ཁ་གནང་ཡོདཔ་བཞིན་དུ་ ལོ་བསྟར་ཚེས་བཅུ་དེ་ སྤྱི་ལོ་༢༠༠༣ …

Leave a Reply

Your email address will not be published. Required fields are marked *