སྦྱིས་ཟམ་དང་ ཀྲོང་གསར་ཁྲོམ་བར་ན་ རྒྱ་སྐྱེད་འབད་མི་གཞུང་ལམ།

ཀྲོང་གསར་ གཞུང་ལམ་རྒྱ་སྐྱེད་འབད་མི་ཁག་འབགཔ་ ཆ་མེད་བཏང་ཡོདཔ།

༉ ཀྲོང་གསར་ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱིས་ ལྷན་རྒྱས་གནས་རིམ་ཐོག་གི་ ཚོགས་ཆུང་གི་ གྲོས་ཆོད་དང་འཁྲིལ་ སྦྱིས་ཟམ་ལས་ ཀྲོང་གསར་ཁྲོམ་ཚུན་གྱི་ གཞུང་ལམ་རྒྱ་སྐྱེད་འབད་མི་ ཁག་འབགཔ་དེ་ ཆ་མེད་བཏང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༢ པའི་ནང་ ཚོགས་ཆུང་གིས་ རེ་བེན་བཟོ་སྐྲུན་ལས་སྡེའི་ ཁག་འབག་ལཱ་དེ་ དུས་ཅི་སྤྱི་ཟླ་༦ པའི་ནང་ མཇུག་བསྡུ་མ་ཚུགས་པ་ཅིན་ ཁག་འབག་ཆ་མེད་གཏང་ནིའི་ གྲོས་ཐག་བཅད་ཡོདཔ་བཞིན་དུ་ ལཱ་གི་གྲུབ་འབྲས་མེད་མི་ལུ་བརྟེན་ སྤྱི་ཟླ་༥ པའི་ཚེས་༢༨ ལུ་ ཁག་འབག་ཆ་མེད་བཏང་ཡོདཔ་ཨིན་པས།
ད་རེས་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་དེ་ རེ་བེན་བཟོ་སྐྲུན་ལས་སྡེ་ལས་ ལམ་སེལ་ལས་ཁུངས་ཀྱིས་ རྩིས་ལེན་ནི་ཨིན་པས།
དེ་བཟུམ་སྦེ་ བིའུ་པོ་ཡེནཊི་ལས་ སྦྱིས་ཟམ་ཚུན་གྱི་ གཞུང་ལམ་རྒྱ་སྐྱེད་ཀྱི་ ལཱ་མཇུག་བསྡུ་མ་ཚུགས་མི་ ཁག་འབགཔ་དེ་ཡང་ སྤྱི་ཟླ་༢ པའི་ནང་ ཆ་མེད་བཏང་ཡོདཔ་ད་ ལཱ་དེ་ ད་ལྟོ་ཡང་ རྩིས་མ་ལེན་པར་ཡོདཔ་ལས་ ད་རེས་ རྩིས་ལེན་ནི་ཨིན་པས།
དེ་ཡང་ ལམ་སེལ་ལས་ཁུངས་དང་ རྫོང་ཁག་བདག་སྐྱོང་ དེ་ལས་ ཁྲིམས་སྲུང་འགག་སྡེ་ལས་ འཐུས་མི་ཚུ་བརྩིས་ཏེ་ སྡེ་ཚན་དེ་གིས་ བིའུ་པོ་ཡེནཊི་ལས་ སྦྱིས་ཟམ་ཚུན་གྱི་ གཞུང་ལམ་རྒྱ་སྐྱེད་ཀྱི་ལཱ་དེ་ འབྲུག་ལྷ་ཡུལ་བཟོ་སྐྲུན་ལས་སྡེ་ལས་ རྩིས་ལེན་ནི་ཨིན་པས།
དུས་ཅི་ སྤྱི་ཟླ་༢ པའི་ནང་ ལྷན་རྒྱས་གནས་རིམ་ཐོག་གིས་ ཚོགས་ཆུང་གིས་ ལཱ་གི་གྲུབ་འབྲས་མེད་མི་དང་ དུས་ཡུན་ལས་བརྒལ་སོ་མི་ འབྲུག་ལྷ་ཡུལ་བཟོ་སྐྲུན་ལས་སྡེའི་ ཁག་འབགཔ་དེ་ ཆ་མེད་བཏང་ཡོདཔ་བཞིན་དུ་ བཟོ་སྐྲུན་ལས་སྡེ་ལུ་ དུས་ཡུན་ཕར་འགྱངས་ཐེངས་༣ བྱིན་ཡོདཔ་ད་ ཨིན་རུང་ གཞུང་ལམ་དེ་ རྩིས་སྤྲོད་འབད་མ་བཏུབ་མི་ལུ་བརྟེན་ ད་རེས་ ལམ་སེལ་ལས་ཁུངས་ཀྱིས་ རྩིས་ལེན་ནི་ཨིན་པས།
དེ་བཟུམ་སྦེ་ སྤྱི་ཟླ་༦ པའི་ཚེས་༨ ལུ་ སྡེ་ཚན་དེ་གིས་ མནའ་སྦྱིས་སྐོར་ཕུག་ རྒེད་འོག་ལྟེ་བའི་ འཁོར་ལམ་རྩི་ནག་གཏང་ནི་དེ་ཡང་ རྩིས་ལེན་ནི་ཨིནམ་ད་ ལཱ་དེ་ འབྲུག་ལྷ་ཡུལ་བཟོ་སྐྲུན་ལས་སྡེ་གིས་འབད་རུང་ གྲུབ་འབྲས་མེདཔ་ལས་ སྤྱི་ཟླ་༣ པའི་ནང་ ཆ་མེད་བཏང་ཡོདཔ་ཨིན་པས།
ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་གཙོ་འཛིན་འགོ་དཔོན་ ཨྱོན་རྡོ་རྗེ་གིས་ སླབ་མིའི་ནང་ ལཱ་གི་གྲུབ་འབྲས་མེད་པའི་ཁར་ དུས་ཡུན་ཡང་རྫོགས་སོཔ་ལས་ ཁག་འབག་ཆ་མེད་བཏང་ཡི་ཟེར་ཨིནམ་ད་ ད་ལྟོ་ བཟོ་སྐྲུན་ལས་སྡེ་གིས་ ལཱ་རྩིས་སྤྲོད་མ་བཏུབ་པར་ཡོདཔ་ལས་ ད་རེས་ རྩིས་ལེན་ནི་སྦེ་ ཡི་གུ་བཏང་ཡི་ཟེར་ཨིན་པས།
ཀྲོང་གསར་ལུང་ཕྱོགས་ལམ་སེལ་ལས་ཁུངས་འོག་ལུ་ ཆུ་སེར་བུ་ལས་ ནང་སྒར་ཚུན་ གཞུང་ལམ་ཀི་ལོ་མི་ཊར་༩༧ རྒྱ་སྐྱེད་འབད་ནིའི་དོན་ལུ་ ཁག་འབག་༡༥ ལུ་ ལཱ་སྤྲོད་ཡོདཔ་ད་ ད་ལྟོ་ མཇུག་བསྡུ་མ་ཚུགས་པར་ཡོད་མི་ ཁག་འབགཔ་༢ མ་གཏོགས་ གཞན་ག་ར་ མཇུག་བསྡུ་ཡོདཔ་ཨིན་པས།
བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་ སླབ་མིའི་ནང་ ད་ལྟོ་ ལཱ་བརྒྱ་ཆ་༩༥ དེ་ཅིག་ མཇུག་བསྡུ་ཡོདཔ་ཨིན་རུང་ ལྷག་ལུས་ཁག་འབག་༢ ཀྱིས་འབད་མི་དེ་ ནམ་མཇུག་བསྡུ་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ལམ་སེལ་ལས་ཁུངས་ཀྱིས་ ལཱ་རྩིས་ལེན་ཞིནམ་ལས་ སྙན་ཞུ་དེ་ ལྷན་ཁག་ལུ་ ཕུལ་དགོཔ་བཞིན་དུ་ ལྷན་ཁག་གིས་ ལོག་རིན་བསྡུར་འབད་་འོང་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

གསར་སྤང་རྫོང་ སྤྱི་ལོ་༢༠༢༣ ལུ་ བསྒྲུབ་མི་ཚུགས་ནི་བཟུམ་ཡོདཔ།

༉ གསར་སྤང་རྫོང་གསར་བཞེངས་ཀྱི་ལཱ་ནང་ ལས་མི་ལངམ་མེདཔ་ལས་ ཐོགས་ལུས་ཏེ་ཡོདཔ་ཨིན་པས། དེ་ཡང་ རྒྱ་གར་གྱི་ལས་མི་ ལག་རྩལ་ཅན་ཚུ་ ས་མཚམས་སྒོ་ར་བསྡམས་ཞིནམ་ལས་ཚུར་ ནང་ན་ལེན་མ་ཚུགས་པའི་ཁར་ ཉེ་འདབས་ཀྱི་ རྫོང་ཁག་ཚུ་ལས་འོང་མི་ ལས་མི་ཚུ་ཡང་ ཞིང་ལཱ་འབད་བར་ ལོག་ཁྱིམ་ནང་ སོང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *