ས་གནས་གཞུང་དང་ རྫོང་བདག་བདག་སྐྱོང་གི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་པའི་བསྒང་།

ཀྲོང་གསར་ལུ་ ས་གནས་གཞུང་དང་ རྫོང་བདག་བདག་སྐྱོང་གི་ གོ་བརྡའི་ལས་རིམ།

༉ ཀྲོང་གསར་རྫོང་ཁག་འོག་གི་ ས་གནས་གཞུང་གི་འགོ་ཁྲིདཔ་དང་ རྫོང་ཁག་བདག་སྐྱོང་འགོ་དཔོན་ དེ་ལས་ ལས་སྡེ་དང་ ལས་ཁུངས་ཁག་གི་ འགོ་དཔོན་ཚུ་ལུ་ ས་གནས་གཞུང་སྐྱོང་དང་ ཞིབ་འཚོལ་ལྟེ་བ་གིས་ ས་གནས་གཞུང་དང་ བདག་སྐྱོང་ དེ་ལས་ ཁྲིམས་ལུགས་ཀྱི་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་རིམ་དེ་ ཧེལ་བི་ཊཱསི་དང་ ཡོ་ཡོ་པིན་ ཡུ་ནི་འོན་གྱིས་ མ་དངུལ་གྱི་ རྒྱབ་སྐྱོར་འབད་ཡོད་པའི་ ལས་འགུལ་ཅིག་ཨིན་པས།
གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་ཞིནམ་ལས་ དུས་ཅི་ ལོ་མཇུག་བསྡུ་ཁམས་ལུ་ ལྟེ་བ་དེ་གི་ཁ་ཐུག་ལས་ ས་གནས་གཞུང་དང་འབྲེལ་བའི་ སྦྱོང་བརྡར་ལས་རིམ་ཅིག་ཡང་ འགོ་འདྲེན་འཐབ་ནི་ཨིན་པས།
སྤྱི་ཟླ་༩ པའི་ཚེས་༢༦ ལས་ སྐོར་ཕུག་རྒེད་འོག་མ་བརྩིས་བར་ རྒེད་འོག་༤ གི་མི་སེར་དང་ སོ་ནམ་ཐོན་སྐྱེད་དང་འབྲེལ་བ་ཡོད་པའི་ མཉམ་ལས་ཚོགས་སྡེའི་ སྡེ་ཚན་ཚུ་ལུ་ སྦྱོང་བརྡར་དང་ ཁྲིམས་ལུགས་ཚུ་གི་ གོ་བརྡའི་ལས་རིམ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
རྫོང་ཁག་ནང་ ཞིབ་འཚོལ་ལྟེ་བ་གིས་ འགོ་འདྲེན་འཐབ་ཡོད་པའི་ ཞིབ་འཚོལ་སྙན་ཞུ་ནང་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་གྱི་སྙན་ཞུ་ སྤྱི་ལོ་༢༠༡༧ ལས་༡༨ ཚུན་ དངུལ་ཀྲམ་ས་ཡ་༡༠༦ ལོག་ཐོབ་ཡོད་པའི་ནང་ལས་ མཐོ་ཤོས་ར་ ས་གནས་གཞུང་ལས་ཨིནམ་སྦེ་ ཐོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ སྙན་ཞུ་ནང་ ལོ་བསྟར་བཞིན་དུ་ བདག་སྐྱོང་དང་འབྲེལ་བའི་ ཉོགས་བཤད་མཐོ་ཤོས་ར་ ས་གནས་གཞུང་ནང་ལས་ འོང་དོ་ཡོདཔ་སྦེ་ ཐོན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལྷན་ཁག་དང་ ལས་སྡེ་ ལས་ཁུངས་ཁག་གི་བར་ན་ བརྡ་དོན་བརྗེ་སོར་དང་ མཉམ་འབྲེལ་འབད་དགོཔ་སྦེ་ གསལ་ཞུ་འབད་ཡོདཔ་ད་ དེ་ཡང་ དཔེར་ན་ འཁོར་ལམ་བསལ་ནི་ཨིན་པ་ཅིན་ ལམ་སེལ་ལས་ཁུངས་དང་ སོ་ནམ་ལྷན་ཁག་བར་ན་ བརྡ་དོན་དང་མཉམ་འབྲེལ་འབད་བ་ཅིན་ ཤུལ་ལས་ ལཱ་ཐེབས་འབད་དགོཔ་ མི་འཐོན་ཟེར་ཨིན་པས།
ས་གནས་ལ་ལོ་ཅིག་ནང་ འཁོར་ལམ་བསལ་ཞིནམ་ལས་ ཞིང་ཆུ་མེད་པའི་ དཀའ་ངལ་བྱུང་ཡོདཔ་ལས་ ཆུ་བཏོན་ནིའི་དོན་ལུ་ ད་རུང་ མ་དངུལ་སོ་སོར་གཏང་སྟེ་ ལཱ་འབད་དགོཔ་ཡང་ ཐོན་དོ་ཡོདཔ་ལས་ མཉམ་འབྲེལ་ལེགས་ཤོམ་འབད་དགོཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་༡༦ ནང་ ལྟ་རྟོག་དང་དབྱེ་ཞིབ་ཚོགས་ཆུང་མེད་པའི་ཁར་ ཡོད་མི་ཚུ་ནང་ཡང་ ས་གནས་གཞུང་གི་བཅའ་ཁྲིམས་ལྟར་དུ་མེདཔ་སྦེ་ བཤད་ཡོདཔ་ད་ དེ་ཡང་ ལམ་ལུགས་ལྟར་དུ་འབད་བ་ཅིན་ འཐུས་མི་ཚུ་ རྫོང་ཁག་ཚོགས་འདུའི་ འཐུས་མི་ཚུ་དགོཔ་སྦེ་ཨིན་རུང་ མང་ཤོས་ནང་ རྫོང་ཁག་གི་ ཞི་གཡོགཔ་ཚུ་ཡོདཔ་སྦེ་ཨིན་པས།
དེ་བཟུམ་སྦེ་ སྙན་ཞུ་དེ་དང་འཁྲིལཝ་ད་ ས་གནས་གཞུང་ནང་ མི་སེར་མང་ཤོས་ཅིག་གིས་ ལས་སྣ་ཚུ་ ག་ཅི་འབད་དོ་ཡོདཔ་ཨིན་ན་དང་ མི་སྡེ་ཁག་འབག་གི་སྐོར་ལས་ མ་ཤེས་མི་ཡོདཔ་ལས་ མཉམ་འབྲེལ་འབད་དགོཔ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ས་གནས་གཞུང་ནང་ རྫོང་བདག་གི་ འགན་ཁུར་ག་ཅི་ཨིན་ན?

༉ ས་གནས་གཞུང་ལུ་ དབང་ཚད་ཕྱིར་སྤེལ་འབད་མི་ལུ་བརྟེན་ རྫོང་བདག་གམ་ རྫོང་ཁག་བཀོད་ཁྱབ་གཙོ་འཛིན་གྱི་ འགན་ཁུར་དེ་ བསྐྱར་འགྲེལ་ཐོག་ གསལ་རིལ་རི་སྦེ་བཟོ་དགོ་པའི་ དགོས་མཁོ་བྱུང་སྟེ་ཡོདཔ་ཨིན་པས། རྫོང་བདག་གི་ འགན་འཁྲི་དང་ དབང་ཚད་ཕྱིར་སྤེལ་བྱ་སྒོའི་ རིམ་པ་ཚུ་ དབྱེ་དཔྱད་འབད་ནིའི་དོན་ལུ་ བློན་ཆེན་ཌོག་ཊར་ …

Leave a Reply

Your email address will not be published. Required fields are marked *