མོན་པ་ཚུ་གིས་ རང་ལུགས་ཀྱི་ ཞབས་ཁྲ་རྐྱབ་པའི་བསྒང་།

ཀྲོང་གསར་ལུ་ འགོ་དང་པ་ མོན་པའི་ཉིནམ་ བརྩི་སྲུང་འབད་ཡོདཔ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ནང་ཡོད་པའི་ མོན་པའི་མི་སྡེ་ཚུ་གི་དོན་ལུ་ མོན་པའི་ཉིནམ་ཟེར་ འགོ་དང་པ་བརྩི་སྲུང་འབད་ཡི།
བརྩི་སྲུང་དེ་གིས་ བྱང་སྦིས་དང་ ཝང་གླིང་ དེ་ལས་ ཕུབ་ཟུར་༣ གྱི་གཡུས་མི་ཚུ་གིས་ མོན་པའི་མི་སྡེ་ནང་ཡོད་པའི་ ལམ་སྲོལ་ཉམས་ནིའི་གུ་ལྷོད་མི་ཚུ་ གསལ་སྟོན་འབད་ནིའི་ གོ་སྐབས་ཐོབ་ཡོདཔ་ཨིན་པས།
མོན་པའི་ཉིནམ་དེ་ཡང་ ཏཱ་ར་ཡ་ན་གཞི་ཚོགས་དང་ ཀྲོང་གསར་རྫོང་ཁག་ རང་ལུགས་སྲོལ་ཁྱུན་ གཡང་འཕེལ་ དེ་ལས་ ཏྲ་བཱལ་ཊསི་ལྟ་བཤལ་ལས་སྡེ་ཚུ་གིས་ མཉམ་འབྲེལ་ཐོག་ལས་ བྱང་སྦིས་མི་སྡེ་སློབ་གྲྭ་ནང་ འགོ་འདྲེན་འཐབ་ཅི།
གཡང་འཕེལ་ཚོང་སྡེའི་ བཀོད་ཁྱབ་གཙོ་འཛིན་ ཀརྨ་བློ་གྲོས་ཀྱིས་ སླབ་མིའི་ནང་ དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་ཡང་ མོན་པའི་སྔར་སྲོལ་ལམ་ལུགས་ཚུ་ ཉམས་སྲུང་འབད་དེ་ གོང་འཕེལ་དང་ དར་ཁྱབ་གཏང་ནིའི་དོན་ལུ་ཨིན་ཟེར་ ཨིན་པས།
དེ་མ་ཚད་ རྫོང་ཁག་ནང་ ལྟ་བཤལ་གོང་འཕེལ་གཏང་ནི་དང་ མི་སྡེ་ནང་ ལྟ་བཤལ་ལུ་བརྟེན་པའི་ ཁེ་ཕན་ཚུ་ སྤྱོད་བཅུག་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
བརྩི་སྲུང་དེ་ཡང་ མི་སེར་ཚུ་གིས་ འདས་པའི་ལོ་༡༥ དེ་ཅིག་དང་ཕྱདཔ་ད་ ལམ་སྲོལ་ཉམས་སྲུང་འབད་ནི་ལུ་ སྤྲོ་བ་སྦོམ་བསྐྱེད་ཡོདཔ་མ་ཚད་ མི་སེར་གྱི་ཁ་ཐུག་ལས་ མོན་པའི་ཉིནམ་བརྩི་སྲུང་འབད་དགོཔ་སྦེ་ ཞུ་མི་ལུ་བརྟེན་ འགོ་འདྲེན་འཐབ་ཡོདཔ་སྦེ་ཨིན་པས།
ཀྲོང་གསར་རྫོང་ཁག་གི་ ལས་བྱེདཔ་དང་ མོན་པའི་མི་སྡེ་ དེ་བཟུམ་སྦེ་ ལྟ་བཤལཔ་ཚུ་བརྩིས་ཏེ་ མི་གྲངས་༡༠༠ ལྷགཔ་ཅིག་གིས་ བརྩི་སྲུང་ལས་རིམ་ནང་ གྲལ་གཏོགས་འབད་ཡི།
གཡང་འཕེལ་ལས་སྡེ་གིས་ ལོ་༥ དེ་ཅིག་ ལྟ་བཤལཔ་ཚུ་ ཁྱིད་ཞིནམ་ལས་ མོན་པའི་མི་སྡེ་ནང་ མི་སེར་ཚུ་གི་ ལམ་སྲོལ་ཚུ་ གསལ་སྟོན་འབད་བཅུག་ཡོདཔ་ད་ དུས་ཅི་ལས་ ཉིནམ་བརྩི་སྲུང་འབད་ནི་ འགོ་བཙུགསཔ་ཨིན་པས།
ཀརྨ་བློ་གྲོས་ཀྱིས་ སླབ་མིའི་ནང་ གཡང་འཕེལ་ཁ་ཐུག་ལས་ ལྟ་བཤལ་གོང་འཕེལ་དང་ མི་སྡེ་ལུ་ཕན་པའི་ ལས་རིམ་ཚུ་ནང་ རྒྱབ་སྐྱོར་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིནམ་ད་ ལས་སྡེའི་ཁ་ཐུག་ལས་ ཉིན་གྲངས་༦ འབད་མི་ བྱང་སྦིས་ལས་ ནབ་སྦྱིས་སྐོར་ཕུག་གི་ ལྟ་བཤལ་ལམ་བཏོན་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།

མོན་པའི་ཞིང་པ་ཅིག་གིས་ གླང་རྨོ་ཐངས་ གསལ་སྟོན་འབད་བའི་བསྒང་།

དུས་ཅི་ལས་ ལས་རིམ་དེ་ ཏཱ་ར་ཡ་ན་གཞི་ཚོགས་ལུ་ རྩིས་སྤྲོད་འབད་ཡོདཔ་ད་ དེ་ཡང་ གཞི་ཚོགས་ཀྱིས་ མི་སྡེ་ནང་ ཕན་ཐོགས་པའི་ ལཱ་ལེ་ཤ་འབད་ནི་དེ་གིས་ཨིན་པས།
སང་ཕོད་ལས་ བརྩི་སྲུང་ལས་རིམ་དེ་ ལོ་བསྟར་བཞིན་དུ་ སྤྱི་ཟླ་༡༢ པའི་ཚེས་༡༠ ལུ་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ ལྟ་བཤལ་ལས་སྡེ་ཚུ་གིས་ ལྟ་བཤལཔ་ཚུ་ འཁྱིད་འོང་ནི་ལུ་ བྱ་སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ ཨིན་པས།
བརྩི་སྲུང་ལས་རིམ་སྐབས་ མོན་པའི་མི་ཚུ་གིས་ མོན་པའི་གླུ་གཞས་དང་ འགྲེམས་སྟོན་ཁང་ སྔར་སྲོལ་གྱི་སྨན་བཅོས་འབད་ཐངས་ རིམ་གྲོ་འབད་ཐངས་ དེ་ལས་ ལག་བཟོའི་རིགས་ཚུ་ འགྲེམས་སྟོན་འབད་ཡོདཔ་ད་ དེ་ཚུ་ག་ར་ ད་རེས་ནངས་པར་ ཉམས་ནིའི་གུ་ལྷོད་ཡོདཔ་ཨིན་པས།
ལྷ་རྗེ་གིས་ སླབ་མིའི་ནང་ དེ་བཟུམ་མའི་ བརྩི་སྲུང་ལས་རིམ་འགོ་འདྲེན་འཐབ་མི་ལུ་བརྟེན་ མོན་པའི་མི་སྡེ་ཚུ་ག་ར་ གཅིག་ཁར་སྤུངས་འཛོམས་འབད་དེ་ སྔར་སྲོལ་ལམ་ལུགས་ཚུ་ གསལ་སྟོན་འབད་ནིའི་ གོ་སྐབས་ཐོབ་ཡོདཔ་མ་ཚད་ ཉམས་ནིའི་གུ་ཐུག་མི་ ལམ་ལུགས་ཚུ་ ཉམས་སྲུང་འབད་ནི་ལུ་ཡང་ ལྷན་ཐབས་འབད་ཚུགས་ནི་མས་ཟེར་ཨིན་པས།
ལས་རིམ་ནང་ གྲལ་གཏོགས་འབད་མི་ཚུ་དང་ སློབ་གྲྭའི་སློབ་ཕྲུག་ཚུ་གིས་ མོན་པའི་གྱོན་ཆས་ པ་གེ་སླབ་མི་དེ་ གྱོན་ཞིནམ་ལས་ གླུ་གཞས་དང་ དང་ཕུ་གི་ལཱ་འབད་ཐངས་ཚུ་ གསལ་སྟོན་འབད་ཡོདཔ་ད་ ཟོ་ཆག་གིས་ཐགས་མི་ མཱོན་པའི་གོ་ལ་དེ་ འདས་པའི་ལོ་ངོ་བཅུ་ཕྲག་༣ དེ་ཅིག་གི་ཧེ་མར་ གྱོན་སྲོལ་ཡོདཔ་ཨིན་པས།
མི་ཚུ་དང་འཁྲིལཝ་ད་ གོ་ལ་འཐག་ནིའི་རྒྱུ་ཆས་མ་ཐོབ་མི་དང་ ན་གཞོན་ཚུ་གིས་ སྤྲོ་བ་མ་བསྐྱེད་མི་ལུ་བརྟེན་ ཟོ་ཆག་གི་གྱོན་ཆས་དེ་ གྱོན་ནི་ཉམས་སོ་ནུག་ཟེར་ སླབ་ཨིན་པས།
མི་ཚུ་གིས་ ནང་འདྲེན་འབད་མི་ གོ་དང་དཀྱི་ར་ཚུ་ གྱོན་དོ་ཡོདཔ་ད་ དེ་ཡང་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་ནི་དེ་གིས་ཨིན་པས།
ས་གནས་ནང་སྡོད་མི་ ཆོས་སྒྲོན་གྱིས་ སླབ་མིའི་ནང་ མོན་པའི་གོ་ལ་དེ་ དཀརཔོ་སྦེ་ ཁྲ་ག་ནི་ཡང་མེདཔ་ལས་ ཨ་ལོ་ཚུ་གིས་ སྤྲོ་བ་མི་བསྐྱེད་པས་ཟེར་ཨིནམ་ད་ པ་གེ་འཐག་ནི་དེ་ ལཱ་མང་པའི་ཁར་ འཐོབ་ནི་ཡང་ ལཱ་ཁག་ཡོད་ཟེར་ཨིན་པས།
མོན་པའི་མི་སྡེ་དེ་ རྒྱལ་ཁབ་ནང་ མི་རབས་ཆགས་མི་ འགོ་དང་པ་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། བྱང་སྦིས།

 

About admin

Check Also

སྤ་རོ་ལུང་གཤོང་གོང་འཕེལ་ལས་འགུལ་ལས་ གདོང་ལེན་ལེ་ཤ་བྱུང་སྟེ་ཡོདཔ།

༉ སྤ་རོ་ལུང་གཤོང་གོང་འཕེལ་ལས་འགུལ་ གཞི་བཀོད་ཐོག་ འཆར་གཞི་ལག་ལེན་འགོ་བཙུགས་ཏེ་ ལོ་༣ ལས་བརྒལ་ མ་ལང་རུང་ དེ་ཁར་སྡོད་མི་ཚུ་ལུ་ གདོང་ལེན་ལེ་ཤ་བྱུང་སྟེ་ཡོདཔ་ཨིན་པས། དེ་ཡང་ འཕྲལ་ཁམས་ཅིག་ཁར་ སྤ་རོ་རྫོང་ཁག་ཚོགས་འདུ་གིས་ གནད་དོན་དེ་གི་སྐོར་ལས་ གྲོས་བསྡུར་རྒྱས་པར་ གནང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *