ཀྲོང་གསར་རྫོང་བདག་བགྲེསཔ་དང་ ཨམ་སྲུ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ སྐྱིད་གནས་ཁང་ རྩིས་ལེན་དགོཔ་སྦེ་ ཞུ་ཡོདཔ།

༉ སྤྱི་ཟླ་༥ པའི་ཚེས་༢༡ ལུ་ ཀྲོང་གསར་རྫོང་བདག་བགྲེསཔ་ ལྷཔ་རྡོ་རྗེ་དང་ ཁོ་རའི་ཨམ་སྲུ་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ བིའུ་པོ་ཡེནཊ་ སྐྱིད་གནས་ཁང་དང་འབྲེལ་བའི་ རྩོད་བཤེར་མཐོ་གཏུགས་འབད་མི་ལུ་ སྟ་མགོན་སྙན་གསན་འབད་བའི་སྐབས་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ མགྲོན་ཁྱིམ་དེ་ ཚོང་འབྲེལ་འཐབ་མ་ཆོག་པའི་ བཀག་ཆ་འབད་བའི་ཤུལ་ལས་ ཤུགས་སྦེ་ར་ མེདཔ་ཐལ་ཡོདཔ་ལས་ སྐྱིད་གནས་ཁང་ རྩིས་ལེན་ཏེ་ རྒུད་འཐུས་སྤྲོད་དགོཔ་སྦེ་ ཞུ་ཡི།

སྙན་གསན་འབད་བའི་སྐབས་ ལྷཔ་རྡོ་རྗེ་གིས་ སྤྱི་ལོ་༢༠༡༥ ལུ་ ཀྲོང་གསར་ལུ་ ས་ཆའི་རྩོད་འབྲེལ་ལུ་བརྟེན་ ལྷན་ཚོགས་ཀྱིས་ སྐྱིད་གནས་ཁང་དེ་ ཚོང་འབྲེལ་འཐབ་ནི་ལས་ བཀག་འཛིན་འབད་མི་ལུ་བརྟེན་ སྐྱིད་གནས་ཁང་ ཉམས་བཅོས་འབད་མ་བཏུབ་པར་ མེདཔ་ཐལ་ཡོདཔ་སྦེ་ཞུ་ཡི།

མཐོ་གཏུགས་ནང་ རྫོང་བདག་བགྲེསཔ་གིས་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ཀྱིས་ ལོ་བསྟར་གྱི་ སྐྱེད་བརྒྱ་ཆ་༡༥ དང་སྦྲགས་ རྒུད་འཐུས་དངུལ་ཀྲམ་ས་ཡ་༣༠༦ བྱིན་དགོཔ་སྦེ་ ཞུ་ཡི།

སྐྱིད་གནས་ཁང་དེ་ རྩོད་གཞི་མ་ཐོན་པའི་ཧེ་མར་ སྟངས་སི་སྦྱིས་གློག་མེ་ལས་འགུལ་ཚད་ལུ་ དངུལ་ཀྲམ་ས་ཡ་༣༠༦ སྦེ་ བཙོང་ནིའི་དོན་ལུ་ གྲ་སྒྲིག་འབད་ཡོད་རུང་ ལྷན་ཚོགས་ཀྱིས་ བཀག་འཛིན་འབད་བའི་ཤུལ་ལས་ སྒོ་བསྡམས་ཡོདཔ་ཨིན་པས།

དེ་མ་ཚད་ ལྷན་ཚོགས་ཀྱིས་ སྐྱིད་གནས་ཁང་བཟོ་སྐྲུན་དོན་ལུ་ ཉེན་བཅོལ་གྱི་འཐུས་བཏབ་ཡོད་མི་དང་ སྐྱིན་འགྲུལ་ལེན་ཡོད་མིའི་སྐྱེད་དང་ སྐྱེད་ལྷག་ལུས་ ཐོན་མི་ཚུ་ག་ར་ ཁོང་གིས་ སྤྲོད་དགོཔ་སྦེ་ མཐོ་གཏུགས་ནང་ཞུ་ཡི།

ད་ལྟོ་ སྐྱིན་འགྲུལ་མ་བཏབ་པར་ དངུལ་ཀྲམ་ས་ཡ་༢༩༢.༤༨༧ དང་ ཉེན་བཅོལ་མ་སྤྲོད་པའི་ དངུལ་ཀྲམ་ས་ཡ་༢.༨༨༤ ཡོདཔ་ཨིན་པས།

མཐོ་གཏུགས་དེ་ཡང་ ལྷཔ་རྡོ་རྗེ་དང་ ཁོ་རའི་གནས་ཚང་བརྩིས་ཏེ་ མི་༦ གིས་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་ཁྲིམས་བཀལ་མི་ལུ་ བསམ་པ་མ་རྫོགས་པར་ མཐོ་གཏུགས་འབད་ཡོདཔ་ཨིན་པས།

ཁོང་ལུ་ ཀྲོང་གསར་ལུ་ ས་ཆ་ཚུལ་མིན་དང་འབྲེལ་བའི་ རྩོད་ཉོགས་ནང་ ཉེས་འཛུགས་འབད་ཡོདཔ་ད་ མཐོ་གཏུགས་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༦ ལུ་ འབད་ཡོདཔ་ཨིན་པས།

རྫོང་ཁག་ཁྲིམས་འདུན་གྱིས་ ཁོང་ལུ་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༤ ལུ་ འཁྲུན་ཆོད་བཏོན་ཡོདཔ་ད་ མཐོ་གཏུགས་འབད་མི་གཞན་ཚུ་ ནུབ་སྦིས་དང་ བྲང་སྟེང་གི་རྒཔོ་བགྲེསཔ་དང་ ཆེ་མཐོ་ཁྲིམས་འདུན་གྱི་དྲང་དཔོན་བགྲེསཔ་ དེ་ལས་ ཀྲོང་གསར་རྫོང་ཁག་གི་ ས་འཇལ་པ་ཅིག་ཨིན་པས།

རྫོང་ཁག་ཁྲིམས་འདུན་གྱིས་ ལྷཔ་རྡོ་རྗེ་ལུ་ ཡིག་ཆ་རྫུས་བཟོ་ཁག་༤ དང་ ཡིག་ཚང་གི་བྱ་སྒོ་ ལོག་སྤྱོད་དང་འབྲེལ་བའི་ ཉེས་འཛུགས་ཁག་༣ གཡོ་སྒྱུའི་ཐོག་ལས་ ཡིག་ཆ་ཚུ་ལག་ལེན་འཐབ་པའི་ ཉེས་འཛུགས་ཐོག་ ལོ་༥ འི་ བཙོན་ཁྲིམས་ བཀལ་ཡོདཔ་ཨིན་པས།

ཁོ་གི་གནས་ཚང་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་དང་ བྲང་སྟེང་རྒཔོ་བགྲེསཔ་བསྟན་འཛིན་ལུ་ བཙོང་ནིའི་གན་ཡིག་རྫུས་བཟོ་དང་ ཁྲིམས་འདུན་ལུ་ ས་ཆ་བདག་དབང་སྤོ་སོར་སྙན་ཞུ་རྫུས་མ་དང་ གཡོ་སྒྱུའི་བྱ་སྤྱོད་ཀྱི་ ཉེས་འཛུགས་ཐོག་ བཙོན་ཁྲིམས་ལོ་༦ རེ་ བཀལ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ནུབ་སྦིས་རྒཔོ་བགྲེསཔ་ཕུན་ཚོགས་ལུ་ རྫུས་བཟོའི་ཉེས་འཛུགས་ཐོག་ བཙོན་ཁྲིམས་ཟླཝ་༦ དང་ རྫོང་ཁག་གི་ ས་འཇལ་མི་བགྲེསཔ་ ན་ར་ཡཱན་ དཱང་གལ་གྱིས་ རྫོང་བདག་ལུ་ སྡོང་ཟླ་འབད་བའི་ཁར་ ཡིག་ཚང་བྱ་སྒོ་ལོག་སྤྱོད་འབད་བའི་ ཉེས་འཛུགས་འབད་ནུག།

དྲང་དཔོན་བགྲེསཔ་ ཨོ་རྒྱན་བསྟན་འཛིན་ལུ་ གཡོ་སྒྱུའི་ཉེས་འཛུགས་ཐོག་ བཙོན་ཁྲིམས་ལོ་༡ དང་ ཟླཝ་༦ བཀལ་ཡོདཔ་ཨིན་པས།

ལྷཔ་རྡོ་རྗེ་དང་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ གནད་དོན་ཁག་༤ གི་ཐོག་ལས་ མཐོ་གཏུགས་འབད་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ གནད་དོན་དེ་ལུ་ ལྷན་ཚོགས་ཀྱིས་ རྩོད་གཞི་སྦེ་ བཙུགས་ནིའི་གཞི་ཁུངས་མེད་ཟེར་ཞུ་ཡི།

མཐོ་གཏུགས་འབད་མི་ཚུ་གིས་ ལྷན་ཚོགས་ལུ་ ཞིབ་དཔྱད་འབད་དེ་ རྩོད་བཤེར་ཡང་ ཁོང་ལུ་འབད་བཅུག་པ་ཅིན་ ལྷན་ཚོགས་དེ་ འཁོན་འཛིན་ཅན་ལུ་ འགྱུར་འོང་ཟེར་ཞུ་ཡི།

ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱིས་ གནད་དོན་དེ་ལུ་ ཁྲིམས་བཤེར་རུང་བའི་ གཞི་ཡོད་མེད་མ་ལྟཝ་ལས་ རྫོང་ཁག་གི་འཁྲུན་ཆོད་དེ་ ངོས་ལེན་འབད་མ་གནང་ཟེར་ཞུ་ཡི།

མཐོ་གཏུགས་༢ པའི་ནང་ རྫོང་ཁག་ཁྲིམས་འདུན་གྱིས་ ཁོང་ལུ་ དྲང་བདེན་གྱི་རྩོད་བཤེར་འབད་ནིའི་ གོ་སྐབས་མ་བྱིན་ཟེར་ཨིནམ་ད་ དེ་ཡང་ ད་ལྟོའི་རྩོད་བཤེར་དོན་ལུ་ ལྷན་ཚོགས་ཀྱི་ ལྷན་འཛིན་ལས་འགོ་བཙུགས་ ཁྲིམས་འདུན་ལུ་ བཅར་མི་དེ་གིས་ རྫོང་ཁག་ཁྲིམས་འདུན་ལུ་ ཨུ་ཚུགས་རྐྱབ་སྟེ་ འཁྲུན་ཆོད་དེ་ ལྷན་ཚོགས་ཀྱི་ཧོངས་ལས་ འབད་ནུག་ཟེར་ཞུ་ཡི།

བྲག་སྟེང་རྒཔོ་བགྲེསཔ་བསྟན་འཛིན་གྱིས་ ཁོ་ལུ་ ཉེས་པ་ག་ནི་ཡང་མེད་རུང་ རྫོང་ཁག་ཁྲིམས་འདུན་གྱིས་ ཉེས་ཁྲིམས་བཀལ་ཡོད་མི་དེ་ ཆེ་མཐོ་ཁྲིམས་འདུན་གྱིས་ དགོངས་ཡངས་གནང་དགོཔ་སྦེ་ཞུ་ཡི།

རྩོད་གཞི་དེ་ འགོ་དང་པ་ སྤྱི་ལོ་༢༠༡༡ ལུ་ སའི་ཇོ་བདག་ རྒྱལ་མོ་གིས་ ངན་ལྷན་བཀག་སྡོམ་ལྷན་ཚོགས་ལུ་ སྙན་ཞུ་འབད་བའི་ཤུལ་ལས་ ཐོན་ཡོདཔ་ཨིན་པས།

རྩོད་གཞི་ངོ་མ་ར་ སའི་ཇོ་བདག་རྒྱལ་མོ་གིས་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་ལུ་ ཧེ་མ་ལས་ ས་ཆ་བཙོང་ཚར་མི་ལུ་ རིན་གོང་ཉུང་ནུག་ཟེར་ ཁ་སྐོང་དགོཔ་སྦེ་ སླབ་པའི་སྐབས་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ ཉན་མ་བཏུབ་ལས་ སེམས་མ་དགའ་བར་ ཉོགས་བཤད་བཀོད་མི་ལུ་བརྟེན་ གནད་དོན་དེ་ ཐོན་ནུག་ཟེར་ ཞུ་ཡོད་པའི་གནས་ཚུལ།

 

བཀྲིས་བསྟན་འཛིན།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *