ཀྲོང་གསར་ མང་སྡེ་ཕུག་གཡུས་ཚན།

ཀྲོང་གསར་མང་སྡེ་ཕུག་གཡུས་ཚན་ནང་ སྤྱི་ལོ་༢༠༢༠ མཇུག་མ་བསྡུཝ་ལས་ གློག་མེ་བཀྲམ་སྤེལ་ལྷོད་ནི།

༉ ཀྲོང་གསར་ནུབ་སྦིས་རྒེད་འོག་ མང་སྡེ་ཕུག་གཡུས་ཚན་ནང་ གློག་མེ་བཀྲམ་སྤེལ་མ་ལྷོད་ནི་དེ་གིས་ མི་སེར་ཚུ་ གློག་ཆས་དང་ དེང་སང་གི་མཐུན་རྐྱེན་ཚུ་ སྤྱོད་ནིའི་གོ་སྐབས་མ་ཐོབ་པར་འདུག།
མང་སྡེ་ཕུག་གཡུས་ཚན་ནང་ ཁྱིམ་གུང་པ་༤ ཡོདཔ་ད་ གཡུས་ཚན་དེ་ ནུབ་སྦིས་རྒེད་འོག་ལས་ ལམ་ཐག་རིང་ཤོས་ཅིག་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ གློག་མེའི་ཞབས་ཏོག་བཙུགས་ནིའི་དོན་ལུ་ བརྟག་ཞིབ་དང་ ལྟ་རྟོག་ ས་འཇལ་ནིའི་ལཱ་ཚུ་ ལོ་༣ དེ་ཅིག་གི་ཧེ་མ་ལས་ འབད་ཡོདཔ་ཨིན་རུང་ ད་ལྟོ་ཚུན་ གློག་མེ་ལྷོད་ནི་མེད་པར་ གནག་དུང་ནང་ར་ སྡོད་དོ་ཟེར་ཨིན་པས།
འཇམ་དཔལ་ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ གཞུང་གིས་ ལོ་༥ འི་དོན་ལུ་ ཉི་དྲོད་སོ་ལར་གྱི་ གློག་མེ་གནང་ཡོདཔ་ཨིན་རུང་ ད་རེས་ནངས་པར་ དེ་ཚུ་ ལཱ་འབད་མ་བཏུབ་ཐལ་ཡོདཔ་ལས་ དང་ཕུ་བཟུམ་སྦེ་ར་ གནག་དུང་ནང་སྡོད་དགོ་པས་ ཟེར་ཨིནམ་ད་ འཕྲུལ་ལྟོ་བཙུགས་བཏུབ་པའི་ མེ་བཏེགས་ནིའི་ཅ་ཆས་ཚུ་ཡང་ ལག་ལེན་འཐབ་དོ་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཉེ་འདབས་ཀྱི་ས་གནས་ནང་ གློག་མེ་ཡོད་མི་ཚུ་དང་ཕྱདཔ་ད་ ཉིན་མ་དང་ ནུབ་མོ་བཟུམ་གྱི་ ཁྱད་པར་མཐོང་དོ་ཡོདཔ་ལས་ ཁོང་གི་གཡུས་ཁར་ གློག་མེ་བཀྲམ་སྤེལ་ ནམ་ལྷོད་འོང་ག་ཟེར་ སྒུག་སྟེ་ར་ཡོད་ཟེར་ཨིན་པས།
མི་སེར་ཚུ་གིས རེ་བ་བསྐྱེད་མི་དེ་ དུས་ཅིའི་ལོ་ནང་ འགྲུབ་ཚུགས་ནི་ཨིནམ་ད་ དེ་ཡང་ འབྲུག་གློག་མེ་ལས་འཛིན་གྱིས་ མང་སྡེ་ཕུག་ལུ་ གློག་མེ་ཞབས་ཏོག་བྱིན་ནི་ གཏན་འཁེལ་སོང་ཡོདཔ་ཨིན་པས།
འབྲུག་གློག་མེ་ལས་འཛིན་གྱི་ འགོ་དཔོན་གྱིས་ སླབ་མིའི་ནང་ མང་སྡེ་ཕུག་ལུ་ གློག་མེའི་ཞབས་ཏོག་ མཐུད་སྦྲེལ་འབད་ནིའི་དོན་ལུ་ བརྟག་ཞིབ་ཚུ་འབད་ཚར་ཏེ་ཡོད་པའི་ཁར་ ཅ་ཆས་ཚུ་ཡང་ མཁོ་སྒྲུབ་འབད་ཡོདཔ་ལས་ ཅ་ཆས་ལ་ལོ་ཅིག་ ལྷོད་ཡོདཔ་མ་ཚད་ ལ་ལོ་ཅིག་ ལྷོད་པའི་བསྒང་ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ཆར་ཆུ་མ་འཐོན་པའི་ཧེ་མར་ ཅ་ཆས་ཚུ་ ས་གནས་ནང་ བསྐྱལ་ཞིནམ་ལས་ སྤྱི་ལོ་༢༠༢༠ མཇུག་མ་བསྡུཝ་ལས་ གློག་མེ་བཀྲམ་སྤེལ་འབད་ཚུགས་ཟེར་ཨིན་པས།
ཤེས་རྟོགས་བྱུང་མིའི་ནང་ གློག་མེའི་ཞབས་ཏོག་དེ་ ན་ཧིང་ལས་ མཐུད་སྦྲེལ་འབད་ནིའི་ གནང་བ་གྲུབ་ཡོད་རུང་ ཆ་འཇོག་གྲུབ་པའི་ དུས་ཡུན་ཕྱིས་ཡོདཔ་ལས་ ཅ་ཆས་མཁོ་སྒྲུབ་འབད་ནིའི་ དུས་ཡུན་ཡང་ ཕྱི་སོ་ཡི་ཟེར་ཨིན་པས།
མི་སེར་ཚུ་ དུས་ཅི་ གློག་མེ་ལྷོད་ཚུགས་པའི་ རེ་བ་སྦོམ་ཡོདཔ་ད་ དེ་ཡང་ གློག་མེ་ལས་འགུལ་གྱི་འགོ་དཔོན་དང་ སོ་ནམ་དང་ནགས་ཚལ་བློན་པོ་ཡང་ ས་གནས་ནང་བྱོན་ཞིནམ་ལས་ གཏན་འཁེལ་ཨིནམ་སྦེ་ བཤད་ནི་དེ་གིས་ཨིན་ཟེར་ཨིན་པས།
ལྷུན་གྲུབ་ཀྱིས་ སླབ་མིའི་ནང་ གློག་མེའི་ཞབས་ཏོག་དེ་ མཐུད་སྦྲེལ་འབད་ནི་ གཏན་འཁེལ་སོང་ཡོདཔ་སྦེ་ གོ་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིནམ་ད་ གློག་མེ་ཡོད་པ་ཅིན་ གནག་དུང་ནང་ སྡོད་མ་དགོ་པའི་ཁར་ གློག་ཆས་ཚུ་ ས་གནས་གཞན་ཁར་བཟུམ་སྦེ་ ལག་ལེན་འཐབ་ནིའི་ གོ་སྐབས་འཐོབ་ནི་མས་ཟེར་ཨིན་པས།
གློག་མེ་མེད་པའི་སྐབས་ འགྲུལ་འཕྲིན་བསྐྱར་གསོ་འབད་ནིའི་དོན་ལུ་ ཉི་དྲོད་ལུ་ བརྟེན་དགོཔ་ལས་ དཀའ་ངལ་བྱུང་མི་དེ་ཡང་ བསལ་ཚུགས་ནི་ཨིནམ་ལས་ སྤྱི་ལོ་༢༠༢༠ མཇུག་མ་བསྡུཝ་ལས་ ཞབས་ཏོག་འཐོབ་པའི་རེ་བ་ཡོད་ཟེར་ཨིན་པས།
མང་སྡེ་ཕུག་བརྩིས་ཏེ་ ཀྲོང་གསར་གླང་མཐིལ་རྒེད་འོག་གི་ ངང་བདག་དང་ རི་བོ་ཏ་ལ་ དེ་ལས་ ཕུམ་ཟུར་ས་གནས་ཚུ་ནང་ ད་ལྟོ་ཡང་ གློག་མེའི་ཞབས་ཏོག་མེད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཐིམ་ཕུག་ལུ་ རྒྱ་གར་གྱི་ མི་སྡེ་གིས་ རྒྱ་གར་གཞུང་ཚབ་ལས་ཁང་ནང་སྦེ་ མི་སེར་རང་དབང་གི་ཉིནམ་ ཐེངས་༧༡ པ་ བརྩི་སྲུང་ཞུ་སར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་སྐུ་ཚབ་ རྒྱལ་པོའི་གཟིམ་དཔོན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་གནང་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *