ངན་ལྷད་བཀག་སྡོམ་ལྷན་ཚོགས་དང་ རྩོད་ཟླ་༡༠ གྱི་བར་ན་ རྩོད་བཤེར་འབད་བའི་ ཤོག་གྲངས་༣,༧༦༧ ཡོད་མི་ འཁྲུན་ཆོད་ཚུ།

ཀྲོང་གསར་གྱི་ ས་ཆའི་རྩོད་བཤེར་ནང་ མི་༧ ལུ་ བཙོན་ཁྲིམས་བཀལ་ཡོདཔ།

དེ་གི་གྲས་ལས་ རྫོང་བདག་བགྲེསཔ་དང་ཨམ་ དེ་ལས་ རྩོད་ཟླ་༤ ལུ་ ཁྲིམས་འཐུས་བཏབ་མ་ཆོག་པའི་ འཁྲུན་ཆོད་གནང་ནུག།

༉ ཁ་ཙ་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་གྱིས་ ཀྲོང་གསར་གྱི་ རྫོང་བདག་བགྲེསཔ་ ལྷགཔ་རྡོ་རྗེ་ལུ་ ཚུལ་མིན་གྱི་སྒོ་ལས་ ས་ཆ་མཁོ་སྒྲུབ་འབད་བའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་༡༣ ཕོག་ཡོད་རུང་ མཉམ་སྡེབ་ཀྱི་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ་ཨིན་པས།
དེ་ཡང་ རྩོད་ཟླ་ལྷགཔ་རྡོ་རྗེ་ལུ་ ཡིག་ཆ་རྫུས་མ་བཟོ་ཡོད་པའི་ ཉེས་འཛུགས་༤ དང་ ཡིག་ཚང་གི་ བྱ་སྤྱོད་ངན་པ་འཐབ་པའི་ ཉེས་འཛུགས་ཁག་༣ དེ་ལས་ ཡིག་ཆ་ཚུ་ གཡུ་སྒྱུའི་སྒོ་ལས་ བཟོ་ཡོད་པའི་ ཉེས་འཛུགས་ཐོག་ལུ་ བཙོན་ཁྲིམས་བཀལ་ནུག།
དེ་བཟུམ་སྦེ་ ཁོ་གི་གནས་ཚང་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་དང་ བྲག་སྟེང་རྒཔོ་བགྲེསཔ་ བསྟན་འཛིན་༢ ལུ་ བཙོན་ཁྲིམས་ལོ་༡༥ བཀལ་ཡོདཔ་ཨིན་རུང་ མཉམ་འབྱུང་ཐོག་ ལོ་༦ རེ་བཀལ་ནུག།
ཀརྨ་ཚུལ་ཁྲིམས་སྒྲོལ་མ་ལུ་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་༤ དང་ ཡིག་ཚང་གི་ བྱ་སྤྱོད་ལོག་སྤྱོད་འབད་ནིའི་ རྒྱུད་བསྐུལ་འབད་བའི་ ཉེས་འཛུགས་༣ དེ་བཟུམ་སྦེ་ དཔང་པོ་དང་འབྲེལ་བའི་ བྱ་ལེན་འཐབ་ཡོད་པའི་ ཉེས་འཛུགས་བཀལ་ཡོདཔ་ཨིན་པས།
བྲག་སྟེང་རྒཔོ་བགྲེསཔ་ལུ་ ཡིག་ཆ་རྫུས་བཟོའི་ ཉེས་འཛུགས་༥ དང་ གཡོ་སྒྱུའི་བྱ་ལེན་ཐེངས་༣ འཐབ་མི་ལུ་བརྟེན་ བཙོན་ཁྲིམས་ཕོག་ནུག།
དྲང་དཔོན་བགྲེསཔ་ ཨྱོན་བསྟན་འཛིན་དེ་ ཡིག་ཆ་རྫུས་བཟོའི་ ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༡༨ བཀལ་ནུག།
ས་འཇལ་འགོ་དཔོན་ ན་ར་ཡཱན་དང་གཱལ་ལུ་ ཡིག་ཚང་གི་ བྱ་སྤྱོད་ལོག་སྤྱོད་དང་ ཡིག་ཆ་རྫུས་བཟོ་ནིའི་ནང་ སྡོང་ཟླ་དང་ རྒྱུད་བསྐུལ་འབད་བའི་ ཉེས་འཛུགས་ཐོག་ བཙོན་ཁྲིམས་ཟླཝ་༡༨ བཀལ་ཡོདཔ་ད་ ས་འཇལ་པ་གཞན་ སྐལ་བཟང་ཉི་མ་ལུ་ ཡིག་ཚང་གི་ བྱ་སྤྱོད་ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས་ཐོག་ བཙོན་ཁྲིམས་ལོ་༡ བཀལ་མི་དེ་ ཁྲིམས་འཐུས་བཏབ་ཆོག་མི་ རྩོད་ཟླ་ཁོ་རྐྱངམ་གཅིག་ཨིན་པས།


ད་རུང་ ཁྲིམས་འདུན་གྱིས་ ནུབ་སྦིས་རྒཔོ་བགྲེསཔ་ བཀྲིས་དཔལ་ལྡན་དང་ ཚོགས་པ་བགྲེསཔ་ དབང་ཕྱུག་ལ་དང་ ཀུན་ལེགས་༣ གྱིས་ ཁྲིམས་འདུན་ལུ་ ས་ཚབ་དེ་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་ལུ་ ཐོབ་ནི་གི་ འོས་འབབ་མེདཔ་སྦེ་ ཁྲིམས་འདུན་ལུ་ ཞུ་ཡོདཔ་མ་ཚད་ ཁྲིམས་འདུན་ལས་ གནང་བ་ཞུ་མི་ལུ་བརྟེན་ ཁོང་༣ ཆ་ར་ ཉེས་པ་མེད་པའི་ འཁྲུན་ཆོད་གནང་ནུག།
བིའུ་པོནཊ་མགྲོན་ཁྱིམ་དེ་ ངན་ལྷད་བཀག་སྡོམ་བཅའ་ཁྲིམས་ཀྱི་ དོན་ཚན་༡༠༧ པ་དང་འཁྲིལ་ སྤྱི་ལོ་༢༠༡༥ ལུ་ ཉོ་བཙོང་འཐབ་མ་ཆོག་པའི་ གསལ་བསྒྲགས་འབད་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གི་ མིང་ཐོག་ཁར་ཡོད་པའི་ས་ཆ་ཨེ་ཀར་༡.༤༩ དེ་ གཞུང་ལུ་ སོར་ཆུད་འབད་དགོཔ་བཞིན་དུ་ གཞུང་གིས་ མགྲོན་ཁྱིམ་ལེན་ནི་ དང་འདོད་མེད་པ་ཅིན་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་གིས་ བརྡལ་བཤིག་འབད་དགོ་པའི་ བཀའ་རྒྱ་གནང་ཡི།
རྩོད་གཞི་དེ་ཡང་ སའི་ཇོ་བདག་རྒྱལ་མོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ས་ཆ་དེ་ ཀརྨ་ཚུལ་ཁྲིམས་སྒྲོལ་མ་ལུ་ བཙོང་བཙོངམ་མེད་པའི་ ཉོགས་བཤད་བཀོད་པའི་ཤུལ་ལས་ ཐོན་ཡོདཔ་ད་ རྒྱལ་མོ་གིས་ སྤྱི་ལོ་༢༠༡༡ ལུ་ ཀྲོང་གསར་ཁྲིམས་འདུན་ལུ་ རྩོད་གཞི་བཙུགས་ཡོདཔ་ཨིན་རུང་ རྩོད་གཞི་དེ་ ཧེ་མ་ལས་ བསལ་ཚར་ཡི་ཟེར་སླབ་ཐོག་ ཕྱིར་བཏོན་འབད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྩོད་དོན་དེ་ལུ་ ཞིབ་དཔྱད་འབད་བའི་ཤུལ་ལུ་ རྩོད་བཤེར་གྱི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ནང་ བཏང་ཡོད་རུང་ ཡིག་ཚང་གིས་ རྩོད་བཤེར་འབད་ནི་གི་ འོས་འབབ་མིན་འདུག་ཟེར་ བཤོལ་བཞག་ཡོདཔ་ཨིན་པས།
དེ་ལས་ ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༨ ལུ་ ཉེས་བཤེར་གྱི་ འགན་ཁུར་ལེན་ཐོག་ལས་ རྫོང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་འབད་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཆོས་སྡེ་ལྷན་ཚོགས་ཀྱིས་ ཆོས་སྡེ་གསརཔ་༡༧ ལུ་ ཐོ་བཀོད་གྲུབ་པའི་ལག་ཁྱེར་ཚུ་ བྱིན་ཡོད་པའི་གནས་ཚུལ།

Leave a Reply

Your email address will not be published. Required fields are marked *