ཀྲོང་གསར་ལུ་ སྒོ་བསྡམས་ཏེ་ཡོད་མི་ རྒེད་འོག་ཞབས་ཏོག་ལྟེ་བ་ཚུ་གི་གྲས་ལས་ གཅིག།

ཀྲོང་གསར་གྱི་ རྒེད་འོག་ཞབས་ཏོག་ལྟེ་བ་ཚུ་གིས་ ཞབས་ཏོག་ཚུ་ ལོག་བྱིན་ནི་ཨིནམ།

༉ རྒེད་འོག་ལྟེ་བ་ཚུ་ནང་ གཞི་བཙུགས་འབད་མི་ཞབས་ཏོག་ལྟེ་བ་ཚུ་ ས་གནས་ནང་སྡོད་མི་ཚུ་གི་ ཁྱད་ཕན་ལུ་ དམིགས་གཏད་བསྐྱེད་དེ་ གཞི་བཙུགས་འབད་ཡོདཔ་ཨིན་རུང་ མི་སེར་ཚུ་གིས་ ཞབས་ཏོག་འཐོབ་མ་ཚུགས་པར་འདུག།
དེ་ཡང་ ཀྲོང་གསར་གྱི་ སྐོར་ཕུག་དང་ བྲག་སྟེང་ དེ་ལས་ སྟངས་སི་སྦྱིས་རྒེད་འོག་ནང་ཡོད་པའི་ ཞབས་ཏོག་ལྟེ་བ་ཚུ་གིས་ ད་ལྟོ་ཡང་ ཞབས་ཏོག་བྱིན་ནི་མེདཔ་ལས་ མི་སེར་ཚུ་ ལཱ་ཁག་སྦེ་ ཞབས་ཏོག་ལེན་པར་ཀྲོང་གསར་ཁྲོམ་དང་ ཉེ་འདབས་ལས་ཕར་ འགྱོ་དོ་ཡོདཔ་ཨིན་པས།
བྲག་སྟེང་རྒེད་འོག་ནང་འབད་བ་ཅིན་ ལྕང་ལཱ་སྐབས་ འཕྲུལ་གླང་གི་ཞབས་ཏོག་བྱིན་དོ་ཡོདཔ་ཨིན་རུང་ ས་སྣུམ་གྱི་ ཞབས་ཏོག་ག་ནི་ཡང་ མ་ཐོབ་པར་ཡོད་ཟེར་ རྒཔོ་ཀུན་བཟང་རྡོ་རྗེ་གིས་ བཤདཔ་ཨིན་པས།
སོ་ནམ་འཕྲུལ་ཆས་ལྟེ་བའི་ ཡོངས་ཁྱབ་འཛིན་སྐྱོང་པ་ ཆོས་རྒྱལ་གྱིས་ སླབ་མིའི་ནང་ ཞབས་ཏོག་བྱིན་མ་ཚུགས་པར་ལུས་མི་དེ་ཡང་ འཆར་དངུལ་གཏང་མ་ཚུགས་པར་ ཐོགས་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ སྤྱི་ཟླ་༥ པའི་ནང་ འཆར་དངུལ་དང་པ་དེ་ ཚོང་འབྲེལ་ལེགས་ཤོམ་ཡོད་པའི་ ཞབས་ཏོག་ལྟེ་བ་༩ ནང་ མ་དངུལ་བཏང་ཡི་ཟེར་ཨིནམ་ད་ ཞབས་ཏོག་ལྟེ་བ་༡༥ ནང་ མ་དངུལ་གཏང་ནིའི་ ལཱ་འབད་དོ་ཡོདཔ་སྦེ་ཨིན་པས།
སྐོར་ཕུག་དམངས་མི་གིས་ སླབ་མིའི་ནང་ ལྟེ་བ་དེ་ མཐའ་འཁོར་ག་ར་ རྩྭ་གིས་གང་ཡོདཔ་མ་ཚད་ ལྷོད་སྟོངམ་༣ དེ་ཅིག་ཡོདཔ་མ་གཏོགས་ ཞབས་ཏོག་ཡང་ག་ནི་མེད་པར་ སྒོ་བསྡམས་ཡོདཔ་ལས་ མི་སེར་ཚུ་ཡང་ རེ་ཐག་ཆོད་དེ་ འོང་མི་མིན་འདུག་ཟེར་ཨིན་པས།
སྐོར་ཕུག་རྒེད་འོག་གི་དོན་ལུ་ སོ་ནམ་འཕྲེལ་ཆས་ལྟེ་བའི་ བཀོད་ཚོགས་ཀྱིས་ ཚོང་ལམ་གྱི་གོ་སྐབས་བལྟ་དགོཔ་སྦེ་ སླབ་ཡོདཔ་ལས་ ས་སྣུམ་དང་འཕྲུལ་ཆས་ཀྱི་ ཚོང་འབྲེལ་ལུ་བརྟེན་ འོང་འབབ་བཟོ་ཚུགས་པའི་ འོས་འབབ་ལྟ་དོ་ཟེར་ཨིནམ་ད་ གལ་སྲིད་ འོས་འབབ་མེདཔ་སྦེ་མཐོང་པ་ཅིན་ སྒོ་བསྡམ་དགོཔ་འཐོན་ནི་ཨིནམ་ལས་ བརྟག་ཞིབ་འབད་དོ་ཟེར་ཨིན་པས།
སྟངས་སི་སྦྱིས་རྒཔོ་ མགོན་པོ་རྡོ་རྗེ་གིས་ སླབ་མིའི་ནང་ ཞབས་ཏོག་ལྟེ་བ་དེ་ སྒོ་བསྡམས་ཡོདཔ་མ་ཚད་ ཅ་ཆས་ཚུ་ག་ར་ ཁྱིམ་ནང་བཙུགས་ཏེ་ སྒོ་བསྡམས་ཡོདཔ་ལས་ ཞབས་ཏོག་ག་ནི་མེད་པར་ མི་སེར་ཚུ་ ཐབས་མེད་པར་ ཀྲོང་གསར་ལུ་ ཞབས་ཏོག་ལེན་པར་འགྱོ་དོ་ཟེར་ཨིན་པས།
ཡོངས་ཁྱབ་འཛིན་སྐྱོང་པ་གིས་ སླབ་མིའི་ནང་ སྟངས་སི་སྦྱིས་རྒེད་འོག་གི་ ཞབས་ཏོག་ལྟེ་བའི་ ལས་བྱེདཔ་དེ་ དགོངས་ཞུ་འབད་ཡོདཔ་ལས་ ལས་བྱེདཔ་ཚབ་མ་བཙུགས་དགོཔ་ལས་ གསར་བཙུགས་འབད་ཞིནམ་ལས་རྐྱངམ་གཅིག་ ལོག་ཞབས་ཏོག་འགོ་བཙུགས་འོང་ཟེར་ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ སླབ་མིའི་ནང་ མི་སེར་ཚུ་གི་ ཞབས་ཏོག་འཐོབ་ནི་མེད་པ་ཅིན་ ས་གནས་ལྟེ་བ་གཞི་བཙུགས་འབད་དགོཔ་མེདཔ་ལས་ གལ་སྲིད་ལྟེ་བ་དེ་ར་ བསྡུ་འབག་འགྱོ་བ་ཅིན་ མི་སེར་ཚུ་གིས་ཡང་ རེ་བ་མི་བསྐྱེད་ཟེར་ སླབ་དོ་ཡོདཔ་སྦེ་ཨིན་པས།
རྒེད་འོག་ཞབས་ཏོག་ལྟེ་བ་ནང་ལས་ སོ་ནམ་འཕྲུལ་ཆས་ཀྱི་ ཡན་ལག་ཅ་ཆས་ཚུ་དང་ མེ་རླུང་རྒྱ་རྫི་ དེ་ལས་ སྣུམ་འཁོར་གྱི་མར་ཁུ་ཚུ་ བྱིན་དོ་ཡོདཔ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

བཀྲིས་གཡང་རྩེའི་ མི་སེར་ཚུ་གིས་ སྒོ་ནོར་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ།

༉ བཀྲིས་གཡང་རྩེ་ཁྲོམ་ཁར་ ཨོ་ཆས་བཙོང་སའི་ཁང་མིག་ནང་ དྲོ་པ་ལས་ར་ ཨོམ་དང་མར་ དར་ཚིལ་ ཞོ་གིས་ གང་སར་མཐོངམ་ཨིནམ་པས། དེ་ཡང་ བཀྲིས་གཡང་རྩེའི་མི་ཚུ་གིས་ སྒོ་ནོར་ལེགས་ཤོམ་སྦེ་ གསོ་སྐྱོང་འཐབ་དོ་ཡོད་པའི་ རྟགས་མཚན་ཨིནམ་མ་ཚད་ སྒོ་ནོར་གྱི་ཐོན་སྐྱེད་ཡར་དྲག་སོང་ཡོད་པའི་ རྟགས་མཚན་ཅིག་ཡང་ …

Leave a Reply

Your email address will not be published. Required fields are marked *