སྐྱེས་ལོ་༥༧ ལང་མི་ ཆོས་སྒྲོན་གྱིས་ པགས་གོས་འཐག་ནི་གི་ འགྲེམས་སྟོན་འབད་བའི་བསྒང་།

ཀྲོང་གསར་གྱི་ མོན་ཡུལ་༣ ནང་ མོན་པའི་གྱོན་ཆས་ ཡལ་ཉམས་འགྱོ་དོ་ཡོདཔ།

༉ མོན་པའི་མི་ཚུ་གི་ པགས་གོས་ཟེར་ རང་ལུགས་ཀྱི་ གྱོན་ཆས་དེ་ དང་ཕུ་བཟུམ་སྦེ་ གྱོན་ནི་མེདཔ་ལས་ སྤྱིར་བཏང་བཟུམ་སྦེ་ར་ དེང་སང་གི་ གྱོན་ཆས་ཚུ་ལུ་ གཙོ་བོར་བཏོན་པའི་མངོན་གསལ་བྱུངམ་ཨིན་པས།
དེ་ཡང་ ཀྲོང་གསར་རྫོང་ཁག་ནང་ སྦྱང་སྦིས་དང་ ཕུམ་ཟུར་ དེ་ལས་ ཝང་ལིང་ཟེར་ མོན་པའི་གཡུས་ཚན་གསུམ་ཆ་རའི་ནང་ རང་ལུགས་ཀྱི་ གྱོན་ཆས་ཚུ་ རྫོང་ཁག་ནང་འཁོད་ཀྱི་ དུས་སྟོན་དང་ གཡུས་ཁ་ལུ་ མགྱོནམ་གལ་ཅན་འོང་བའི་སྐབས་ལུ་མ་གཏོགས་ གྱོན་ནི་མེདཔ་ཨིན་པས།
ད་རེས་ནངས་པར་ མོན་པ་རེ་གཉིས་ཀྱིས་ པགས་གོས་སམ་ སྐམ་ཐགསམ་གྱོན་སར་ མཐོང་གསལ་བྱུངམ་ཨིན་རུང་ མ་འོངས་པ་ལུ་ ལོ་རྒྱུས་རྐྱངམ་གཅིག་ལུ་ ལུས་ཉེན་ཡོདཔ་ལས་ འདི་ཉམས་སྲུང་ཐབས་ལུ་ ན་གཞོན་ཚུ་ལུ་ སྟོན་བྱིན་ནི་གི་ ཐབས་ལམ་སྟོན་དོ་ཡོདཔ་ཨིན་པས།
ན་གཞོན་ཚུ་ སློབ་གྲྭ་ནང་ འཛུལ་ཞུགས་འབད་ཡོདཔ་ལས་ གཡུས་ཁར་སྔར་སྲོལ་ལམ་ལུགས་ཚུ་ རྒྱུན་སྐྱོང་འབད་ནིའི་ སློབ་སྟོན་འབད་མི་མེདཔ་ལས་ ཉམས་ཡོདཔ་ཨིན་རུང་ འདི་ཚུ་ལོག་བསྐྱར་འཛུགས་ཐོག་ ཉམས་སྲུང་འབད་ནི་ལུ་དམིགས་ཏེ་ ཨ་ལོ་ཚུ་ལུ་ སློབ་སྟོན་འབད་ནིའི་ འཆར་གཞི་ཡོདཔ་མ་ཚད་ རྫོང་ཁག་སྲོལ་འཛིན་ལུ་ཡང་ ཞུ་བ་འབད་དེ་ཡོད་ཟེར་ སྦྱང་སྦིས་ཚོགས་པ་ ལྷ་རྗེ་གིས་ བཤདཔ་ཨིན་པས།
སྐྱེས་ལོ་༥༧ ལང་མི་ སོ་ནམ་པ་ ཆོས་སྒྲོན་གྱིས་ སླབ་མིའི་ནང་ དུས་ཀྱི་འགྱུར་བ་དང་འཁྲིལ་ ནང་འདྲེན་འབད་མི་ གྱོན་ཆས་ཐོན་མི་ལུ་བརྟེན་ མོན་པའི་གྱོན་ཆས་ལུ་ སྤྲོ་བ་བསྐྱེད་མི་མིན་འདུག་ཟེར་ཨིན་པས།
མོ་གིས་ ཨ་ལོ་ཚུ་གི་ གོ་ལ་དེ་ ཕད་ཙེ་བཟུམ་ཨིན་པས་ཟེར་སླབ་སྟེ་ གྱོན་མི་བཏུབ་པས་ཟེར་ བཤདཔ་ཨིན་པས།
ཚོགས་པ་ལྷ་རྗེ་གིས་འབད་བ་ཅིན་ མོན་པ་གཡུས་ཚན་༣ ནང་ པགས་གོས་འཐག་ཤེས་མི་ ཨང་རྒས་༢ མ་གཏོགས་མེདཔ་མ་ཚད་ པགས་གོས་དེ་ རྒྱུ་ཟྭོ་ཆག་གི་སྐུདཔ་ལས་ འཐག་སྲོལ་ཡོད་རུང་ ད་རེས་ནངས་པར་ ཟྭོ་ཆག་གི་ཚབ་ལུ་ ཐག་པ་གནག་མ་ཟེར་མི་ བསྡུ་ལེན་ཐོག་ འཐག་དོ་ཟེར་ཨིན་པས།
འཕྲལ་ཁམས་ཅིག་ཁར་ དུས་སྟོན་འགོ་འདྲེན་འཐབ་པའི་སྐབས་ ཟྭོ་ཆག་གིས་ཐགས་ཡོད་པའི་ གྱོན་ཆས་ཚུ་ ལྷུན་རྩེ་ལས་ ནང་འདྲེན་འབད་དེ་ གསལ་སྟོན་འབདཡོདཔ་ད་ ལྷུན་རྩེ་ལས་ ཉོ་དགོ་མི་དེ་ཡང་ ས་གནས་ནང་ རྒྱུ་ཆས་མེད་པའི་ཁར་ ཐགས་འཐག་མི་ཡང་ མེད་ནི་དེ་གིས་ཨིན་པས།
འབྲུག་ལུ་ དུས་རབས་༨ པ་ལས་ཚུར་ མོན་ཡུལ་དང་ མི་གི་མིང་ལུ་ མོན་པ་ཟེར་ ཐ་སྙད་དར་ཡོདཔ་ད་ དང་ཕུའི་དུས་ལུ་ རྒྱལ་ཁབ་ཡར་རྒྱས་མ་འགྱོ་ནི་དེ་གིས་ ཕྱི་ཁ་ལས་ གྱོན་ཆས་ནང་འདྲེན་འབད་ནི་གི་ ལྕོགས་གྲུབ་མེདཔ་ལས་ རྒྱུ་ཟྭོ་ཆག་དང་ ཀ་བལ་ ལུག་གི་བལ་ཚུ་གིས་ ཐགས་འཐག་པའི་གོ་དང་ སྐམ་ཐགསམ་ སྣམ་བུ་ཚུ་ གྱོན་ནི་ཡོདཔ་ཨིན་པས།
དེ་བསྒང་ རྒྱལ་ཁབ་ནང་ རང་ལུགས་ཀྱི་ རྒྱུ་ཆས་གངམ་མེད་པའི་ཁར་ མོན་པ་གིས་ གྱོན་སྲོལ་ཡོད་མི་ པགས་གོས་དང་ སྣམ་བུ་ལ་སོགས་པ་ ལག་ལེན་འཐབ་ཡོད་མི་ལས་ དུས་རབས་༩ ལྷགཔ་ཅིག་གི་ཧེ་མར་ ཐིམ་ཕུག་ཝང་དྭངས་ལོག་ལས་ མཁའ་འགྲོ་བསོད་ནམས་དཔལ་སྒྲོན་གྱིས་ ཟོྭ་ཆག་གིས་ གཡུས་ར་ཐགས་འཐག་ནི་ འགོ་བཙུགས་མི་ལས་ཚུར་ དར་ཁྱབ་སོང་ཡོད་པའི་ ལོ་རྒྱུས་ཡོདཔ་ཨིན་པའི་གནས་ཚུལ།་

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

རྒྱ་འབྲུག་གི་ས་མཚམས་བདའ་སྟེ་ ཁྲིམས་འགལ་འབད་མི་ མང་སུ་ཐོན་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་ ཏམ་ཁུའི་ནག་ཚོང་ལུ་བརྟེན་ མི་༡༩ འཛིན་བཟུང་འབད་ནུག། ༉ འབྲུག་གཞུང་གིས་ རྒྱལ་ཁབ་ནང་ ནད་ཡམས་COVID-19 དེ་ རྒྱལ་ཁབ་ནང་ འབུ་ནི་དང་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ སྤྱི་ཟླ་༣ …

Leave a Reply

Your email address will not be published. Required fields are marked *