ཀྲོང་གསར་ཁྲོམ།

ཀྲོང་གསར་ཁྲོམ་དང་ ཉེ་འདབས་ཀྱི་ས་ཁོངས་ལུ་ མཛེས་ཆ་དང་ལྡནམ་སྦེ་ བཟོ་ནི།

༉ ཀྲོང་གསར་ཁྲོམ་དང་ ཉེ་འདབས་ཀྱི་ས་གནས་ཚུ་ འཕྲལ་མགྱོགས་ར་ མཛེས་ཏོག་ཏོ་སྦེ་ མཐོང་ཚུགས་ནི་ཨིན་པས།
དེ་ཡང་ རྫོང་ཁ་བདག་སྐྱོང་དང་ ལས་ཁུངས་ དེ་ལས་ ལས་སྡེ་ཁག་གིས་ ཀྲོང་གསར་ཁྲོམ་གྱི་ ས་ཆའི་མཛེས་བཀོད་ཚུ་ བཟོ་བའི་བསྒང་འདུག།
འདས་པའི་ཟླཝ་ནང་ རྫོང་ཁག་བདག་སྐྱོང་དང་ འབྲེལ་ཡོད་དབང་འཛིན་ཚུ་གི་བར་ན་ ཁྲོམ་མཛེས་ཆ་དང་ལྡནམ་སྦེ་བཟོ་ནི་དང་ ཕྱགས་སྙིགས་མེདཔ་བཟོ་ནིའི་ གྲོས་བསྡུར་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་པའི་སྐབས་ སྡེ་ཚན་༦ བཟོ་ཞིནམ་ལས་ ས་གོ་བགོ་བཀྲམ་འབད་ཡོདཔ་ཨིན་པས།
ས་གོ་ཚུ་ཡང་ ས་སྣུམ་བླུག་ས་ལས་ ཤེས་རབ་གླིང་དང་ དེ་བཟུམ་སྦེ་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ ཡིག་ཚང་ལས་ ཀྲོང་གསར་ལུང་ཕྱོགས་ལམ་སེལ་ལས་ཁུངས་ཀྱི་ ལས་བྱེདཔ་སྡོད་ས་ཚུན་ ས་གནས་ཁག་༦ ངོས་འཛིན་འབད་ཞིནམ་ལས་ སྡེ་ཚན་འགོ་ཁྲིདཔ་རེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
ལཱ་འབད་ནི་དེ་ཡང་ བདུན་རིམ་བཞིན་དུ་ རེས་གཟའ་སྤེན་པ་ལུ་ ཨ་རྟག་ར་ ཉིན་མའི་ལྟོ་ཟ་ཞིནམ་ལས་ འབད་དགོཔ་ད་ ཟླཝ་༣ གྱི་བར་ན་ གྲུབ་འབྲས་སྙན་ཞུ་དང་ ལས་བྱེད་པའི་ཡོད་ཐོ་ གསལ་སྟོན་འབད་དགོཔ་ཨིན་པས།
ཀྲོང་གསར་རྫོང་བདག་ བསྟན་འཛིན་རྡོ་རྗེ་གིས་ སླབ་མིའི་ནང་ ལས་རིམ་དེ་བཟུམ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ རང་སྡོད་སའི་ས་ཁོངས་ཚུ་ ཧིང་སངས་ས་དང་ མཛེས་ཆ་དང་ལྡནམ་སྦེ་ བཟོ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ གཞི་རྟེན་མཐུན་རྐྱེན་ལུ་རྐྱངམ་གཅིག་ གཙོ་བོར་བཏོན་ཡོདཔ་ཨིན་རུང་ ད་ལས་ཕར་ རང་སྡོད་སའི་ ས་ཁོངས་ནང་ བརྩི་མཐོང་བསྐྱེད་བཅུག་ནི་ཨིན་ཟེར་ ཨིན་པས།
རྫོང་བདག་གིས་ སླབ་མིའི་ནང་ སྡེ་ཚན་ཚུ་གིས་ བགོ་བཀྲམ་འབད་ཡོད་པའི་ ས་ཁོངས་ཚུ་ནང་ མཛེས་ཆ་ག་དེ་སྦེ་ བཟོ་ནི་ཨིན་ན་ རྫོང་ཁག་ལུ་ གསལ་ཞུ་འབད་ཞིནམ་ལས་ ངོས་ལེན་འབད་དགོ་ཟེར་ཨིན་པས།
རྫོང་གི་ས་གནས་ནང་ མེ་ཏོག་བཙུགས་མི་ཚུ་ རྒྱུན་སྐྱོང་འཐབ་ནི་དང་ དོང་བསུབ་ནི་ དེ་བཟུམ་སྦེ་ ཤུལ་ལས་མེ་ཏོག་གི་ ལྕངམ་མ་འདྲཝ་ཚུ་ བགོ་བཀྲམ་འབད་ནིའི་ སྔོ་ཚལ་ཤེལ་ཁྱིམ་ཡང་ བཟོ་སྐྲུན་འབད་ནི་ཨིན་པས།
ས་གནས་མཛེས་ཆ་དང་ལྡནམ་སྦེ་བཟོ་བའི་སྐབས་ ས་གནས་ནང་ཡོད་པའི་ རང་བཞིན་གྱི་མེ་ཏོག་ཚུ་ འཛུགས་སྐྱོང་འབད་ནི་ལུ་ གཙོ་རིམ་བཟུང་ནི་ཨིན་པས།
དེ་བཟུམ་སྦེ་ རང་སོའི་ ས་ཁོངས་ནང་ཚུད་ཡོད་པའི་ འཁོར་ལམ་བདའ་སྟེ་ ཧག་ཀ་ཧོག་ཀ་ཐོན་ཡོད་མི་ཚུ་ བསུབ་ནི་དང་ སའི་དབྱེབས་ལེགས་བཅོས་འབད་ནི་ རཝ་བསྒོར་ནི་ དེ་ལས་ རྩིགཔ་ཚུ་གུ་ རུ་སྦྱེལ་བཟུམ་མའི་མེ་ཏོག་ཚུ་ འཛུགས་སྐྱོང་འབད་དེ་ མཛེས་ཏོག་ཏོ་བཟོ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

 

About admin

Check Also

མོང་སྒར་ལུ་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་ཡོདཔ།

༉ མོང་སྒར་ཁྲོམ་ནང་སྡོད་མི་ སྣུམ་འཁོར་ཆུང་བའི་ ཇོ་བདག་ཅིག་ཨིན་མི་ རྒྱལ་མཚན་གྱིས་ རེས་གཟའ་ཕུར་བུ་ལུ་ ཁོ་རའི་ ལཱ་ཁག་ཆེ་ཏོག་ཏོ་ཅིག་ཐོན་ཏེ་ གླིང་མེད་ཐང་ལུ་ འགྱོ་ནིའི་དོན་ལས་ མོང་སྒར་ས་སྣུམ་བཀྲམ་སྤེལ་ཁང་ནང་ མར་ཁུ་བླུག་པར་ཚར་༢ དེ་ཅིག་འགྱོ་རུང་ ས་སྣུམ་མེད་ནི་དེ་གིས་ འཆར་གཞི་བཤོལ་བཞག་འབད་དགོཔ་ …

Leave a Reply

Your email address will not be published. Required fields are marked *