ཀོ་རོ་ན་བའེ་རཱསི་ལས་དྲག་མི་ ལྟ་བཤལཔ་ཨམ་སྲུ་གིས་ འབྲུག་ལུ་བཀྲིན་དགའ་ཚོར་ཡོད་ལུགས་བཤད་ཡོདཔ།

༉ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་སྟེ་དྲག་མི་ སྐྱེས་ལོ་༥༧ ལང་མི་ ལྟ་བཤལཔ་ཨམ་སྲུ་དེ་གིས་ དུས་ཚོད་འཐོབ་པ་ཅིན་ སྤ་རོ་སྟག་ཚང་ལུ་ བཤལ་བར་འགྱོ་ནིའི་ རེ་བ་ཡོད་རུང་ ད་ལྟོ་ ཐག་མ་བཅད་པར་ཡོདཔ་ཨིན་པས།

ལྟ་བཤལཔ་ཨམ་སྲུ་དེ་ སྤྱི་ཟླ་༣ པའི་ཚེས་༢༣ དང་༢༤ ལུ་ ངོ་རྐྱང་ཟུར་བཞག་ཁང་ནང་ སྡོད་པའི་སྐབས་ བརྟག་དཔྱད་ཐེངས་གཉིས་འབདཝ་ད་ ནད་འབུབ་མེདཔ་སྦེ་ ངོས་འཛིན་འབད་བའི་ཤུལ་ལས་ ད་ལྟོ་ བཟའ་ཁང་ནང་ མོ་རའི་རྒྱལ་ཁབ་ནང་ ལོག་འགྱོ་ནིའི་དོན་ལུ་ བསྒུག་སྟེ་ཡོདཔ་ཨིན་པས།

གསོ་བའི་བློན་པོ་གིས་ བརྡ་བརྒྱུད་དང་གཅིག་ཁར་ ཞལ་འཛོམས་འཚོགས་པའི་སྐབས་ ཞག་བདུན་གྱི་ནང་འཁོད་ལུ་ ནད་འབུབ་ཀྱི་རྟགས་མཚན་མེད་པ་ཅིན་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ སྒྲིག་གཞི་དང་འཁྲིལ་ ནད་གཞི་དེ་ལས་ དྲག་པའི་གྲངས་སུ་ཨིན་ཟེར་ བཤད་ཡོདཔ་ད་ མོ་ར་ ཁ་ཙ་ལས་ དྲག་པའི་གྲངས་སུ་ ངོས་འཛིན་འབད་ཡོདཔ་ཨིན་པས།

མོ་གིས་ ཀུན་གསལ་དང་གཅིག་ཁར་ ཡོངས་འབྲེལ་ཐོག་ལས་ འབྲེལ་བ་འཐབ་པའི་སྐབས་ མོ་དང་མོ་གི་ལྟ་བཤལཔ་མཉམ་རོགས་ ཕོ་སྐྱེས་དེ་ལུ་ འབྲུག་གཞུང་གིས་ གསོ་བའི་མཐུན་རྐྱེན་བྱིན་མི་དེ་ དཔེ་བལྟ་རུང་བའི་ཞབས་ཏོག་ཅིག་སྦེ་ མཐོང་ཡི་ཟེར་བཤད་ཅི།

འབྲུག་གི་ གསོ་བའི་ཌོག་ཊར་དང་ སྨན་གཡོགམོ་ཚུ་གིས་ སྨན་བཅོས་འབད་བའི་རིང་ ང་བཅས་གཉིས་ལུ་ བྱམས་བརྩེའི་ཐོག་ལས་ བདག་འཛིན་འབད་མི་དེ་ ཡུ་ཨེསི་ཨེ་ལུ་ཡང་ དེ་བཟུམ་མེད་ཟེར་ཨིན་པས།

མོ་གི་ཆ་རོགས་ ད་རེས་ ཁོ་རའི་རྒྱལ་ཁབ་ནང་ སྨན་བཅོས་འབད་བའི་བསྒང་ཡོད་མི་དེ་གིས་ཡང་ སྲོག་སྐྱབས་འབད་ཚུགས་མི་དེ་ འབྲུག་པའི་ཌོག་ཊར་དང་ སྨན་གཡོགམོ་ཚུ་ལུ་བརྟེན་ཨིན་ཟེར་ སླབ་ནི་འདུག་ཟེར་ མོ་གིས་བཤདཔ་ཨིན་པས།

མོ་ར་ ཡུ་ཨེསི་ཨེ་ལུ་ སེམས་ཁམས་རིག་པའི་མཁས་མཆོག་ཨིནམ་ལས་ ཨ་ལོ་དང་ ན་ལོན་ དེ་ལས་ གཟུགས་ལུ་སྐྱོན་ཕོག་མི་ཚུ་དང་གཅིག་ཁར་ ལཱ་འབད་བའི་སྐབས་ ཚ་གྱང་ཆེ་བའི་ལཱ་ཅིག་ཨིན་རུང་ འབྲུག་པའི་གསོ་བའི་ལཱ་འབད་མི་ཚུ་ བྱམས་སྙིང་ཅན་སྦེ་ མཐོང་ཡོདཔ་ལས་ ལོག་མོ་རའི་རྒྱལ་ཁབ་ནང་འགྱོཝ་ད་ ཁོང་ལས་ དཔེ་བལྟ་ནི་ཟེར་ཨིན་པས།

མོ་དང་ མོ་རའི་ཕོ་སྐྱེས་ཆ་རོགས་དེ་ ལ་བཤལ་འགྱོ་ནི་ལུ་ སྤྲོ་བ་སྦོམ་ཡོད་མི་ཅིག་ཨིནམ་ལས་ ཁོང་གཉིས་ཀྱིས་ འབྲུག་པའི་ལམ་སྲོལ་དང་ མི་ཚུའི་སྐོར་ལས་ ལེ་ཤ་གོ་ནི་དེ་གིས་ འབྲུག་ལུ་འོང་ནི་སྦེ་ ཐག་བཅད་ཡི་ཟེར་ཨིན་པས།

ཨིན་རུང་ ཁོང་གཉིས་ རྒྱལ་ཁབ་ནང་ལྷོདཔ་ཅིག་ མོ་གི་ཆ་རོགས་དེ་ ན་ནི་འགོ་བཙུགས་ཏེ་ མོ་གིས་ ས་ཁོངས་ལ་ལོ་ནང་སོང་སྟེ་ ས་ཆ་ཚུ་བལྟ་ནིའི་ གོ་སྐབས་ཐོབ་ཡོད་རུང་ མོ་གི་ཆ་རོགས་དེ་ ག་ཏེ་ཡང་ འགྱོ་མ་ཚུགསཔ་ལས་ སེམས་ཕམ་བྱུང་ཡི་ཟེར་ཨིན་པས།

ང་ར་ ནད་འབུབ་ཐོབ་ཡོད་པའི་རྟགས་མཚན་ཐོནམ་ད་ རྣམ་རྟོག་ལང་ཡོད་རུང་ ཁོ་དང་གཅིག་ཁར་ དུས་ཡུན་རིངམོ་སྦེ་ གཅིག་ཁར་སྡོད་ཡོདཔ་ལས་ རྣམ་རྟོག་མ་ལང་ཟེར་ཨིན་པས།

མོ་ར་ འབྲུག་ལུ་སྡོད་པའི་རིང་ མོ་གི་རྒྱལ་ཁབ་ནང་ཡོད་མི་ བཟའ་ཚང་དང་ཆ་རོགས་ཚུ་གིས་ གཅེས་སྐྱོང་འབད་མི་དང་ ནཱ་ལུ་ཕྱད་མི་ མོ་རའི་ལམ་སྟོན་པ་དང་དེད་གཡོགཔ་ དེ་ལས་ སྨན་ཁང་གི་མི་ཚུ་གིས་ ལེགས་ཤོམ་འབད་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིན་པས།

ལམ་སྟོན་པ་དང་ དེད་གཡོགཔ་གཉིས་ཀྱིས་ ཁོང་གཉིས་ལུ་ ཆ་རོགས་ག་དེ་དྲག་དྲག་འབད་ཡི་ཟེར་ མོ་གིས་བཤད་པའི་ཁར་ ལོག་རྒྱལ་ཁབ་ནང་འགྱོ་མི་ མོ་གི་ཆ་རོགས་ཕོ་སྐྱེས་དེ་ཡང་ ནད་བརྟག་ཐེངས་༢ འབད་རུང་ ནད་འབུབ་མེདཔ་སྦེ་ ཐོན་ཡོདཔ་ལས་ སྨན་བཅོས་འབད་ནིའི་དོན་ལུ་ འཕྲལ་མགྱོགས་ར་ མི་ཚེ་བསྐྱར་གསོའི་མཐུན་རྐྱེན་ནང་ སྤོ་བཤུད་འབད་ནི་ཨིན་མས་ཟེར་བཤད་ཅི།

ད་ཚུན་ རྒྱལ་ཁབ་ནང་ ནད་ཡམས་ཐོབ་མི་ མི་༥ ལས་༣ འབྲུག་པའི་ན་གཞོན་ ཡུ་ཀེ་ལུ་ དཔེ་ཆ་ལྷབ་པའི་བསྒང་འབད་མི་ སློབ་ཕྲུག་ཚུ་ཨིནམ་བཞིན་དུ་ གནས་སྟངས་ལེགས་ཤོམ་སྦེ་ ཡོདཔ་ཨིན་པས།

ལྟ་བཤལཔ་ཨམ་སྲུ་དེ་ལུ་ ནད་འབུབ་མེདཔ་སྦེ་ འཐོན་པ་ཅིན་ རྒྱལ་ཁབ་ནང་ ནད་གཞི་དེ་ལས་དྲག་མི་ དང་པ་འཐོན་ནི་ཨིནམ་ད་ ནདཔ་གཞན་ཚུ་ལུ་ ད་ལྟོ་ སིངྒ་པུར་དང་ ཐའི་ལེནཌི་ལུ་ ནད་འབུབ་དེ་གི་དོན་ལས་ སྨན་སྦེ་ལག་ལེན་འཐབ་མི་ཚུ་ བྱིན་དོ་ཡོདཔ་ཨིན་པས།

མོ་གིས་འབད་བ་ཅིན་ འབྲུག་གཞུང་དང་ འབྲུག་མི་ཚུ་གིས་ ཁོང་གི་དོན་ལུ་ སྨོན་ལམ་ལེགས་ཤོམ་བཏབ་མི་དེ་ལུ་ བསམ་གྱིས་མི་ཁྱབ་པའི་ དགའ་ཚོར་ཡོད་ཟེར་ སླབ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་ཁར་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་གདོང་ལེན།

༉ བསམ་གྲུབ་ལྗོངས་མཁར་ ཇོ་མོ་གཙང་ཁ་དྲུང་ཁག་ གསེར་ཐིག་རྒེད་འོག་ སྨན་སྦྱིས་འུང་སྤྱི་འོག་གི་ དུར་ཁྲོད་དེ་ ལོ་ལེ་ཤ་མ་ལང་རུང་ གསང་སྤྱོད་དང་འཐུང་ཆུ་ གློག་མེ་ལ་སོགས་པའི་ གཞི་རྟེན་མཐུན་རྐྱེན་ཚུ་མེདཔ་ལས་ མི་ཚུ་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་དོ་ཡོདཔ་ཨིན་པས། ད་རེས་ དུར་ཁྲོད་དེ་ནང་ …

Leave a Reply

Your email address will not be published. Required fields are marked *