ཀོ་རོ་ན་བའེ་རཱསི་ནད་ཡམས་ སྔོན་འགོག་འབད་ནིའི་དོན་ལས་ མི་མང་ལུ་ སྔགས་ཆུ་བྱིན་ཡོདཔ།

༉ རྒྱལ་ཁབ་ནང་ ཀོ་རོ་ན་བའེ་རཱསི་ནད་ཡམས་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་གི་ ཐབས་ལམ་སྣ་ཚོགས་སྒྲིག་དོ་ཡོདཔ་བཞིན་དུ་ ཀྲོང་གསར་ཆོས་རྩེ་རབ་སྡེ་གྲྭ་ཚང་གིས་ ནད་ཡམས་ཞི་ཐབས་ཀྱི་དོན་ལུ་ ཁྲུས་སྤང་ལུ་སྦེ་ མི་མང་ལུ་ སྔགས་ཆུ་བྱིན་ཡི།
དེ་ཡང་ གྲྭ་ཚང་གིས་ གྲུབ་ཆུ་དང་ དམ་རྫས་སྣ་ཚོགས་ ཆུ་ནང་སྦང་ཞིནམ་ལས་ རྣམ་འཇོམས་ཀྱི་ཆོ་ག་གནང་སྟེ་ མི་མང་ལུ་ སྔགས་ཆུ་བྱིན་ཡི།
ཆོས་རྩེ་རབ་སྡེའི་དྲུང་ཆེན་ བསོད་ནམས་རིན་ཆེན་གྱིས་ སླབ་མིའི་ནང་ ད་རེས་ནངས་པར་ འཛམ་གླིང་ནང་ ནད་ཡམས་དེ་ དར་ཁྱབ་སོང་ཡོདཔ་བཞིན་དུ་ སྔགས་ཆུ་བྱིན་མི་དེ་གིས་ རྒྱལ་ཁབ་ནང་ ནད་ཡམས་ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་བཟུམ་ཅིག་ཨིན་ཟེར་ཨིན་པས།
རབ་སྡེའི་དགེ་སློང་༡༠༠ ལྷགཔ་ཅིག་གིས་ དྲོ་པ་རྣམ་འཇོམས་རྒྱསཔ་གནང་ཞིནམ་ལས་ རྣམ་འཇོམས་ཀྱི་སྔགས་ཆུ་དང་ ལྕང་མ་རྙིངམ་ལུ་ ཉིན་གྲངས་༧ གྱི་རིང་ སྲིད་བཟློག་འཁོར་ལོ་གནང་བའི་ཤུལ་ སྔགས་དང་བྱིན་རླབས་དམ་རྫས་སྣ་བསྡུས་ཡོད་པའི་ཆུ་དེ་ རང་ཟླ་༡ པའི་ཚེས་༣༠ དུས་བཟང་དང་བསྟུན་ མི་མང་ལུ་བྱིན་ཡི།
སྔགས་ཆུ་དེ་ཡང་ རྗེ་མཁན་ཁྲི་རབས་༢༧ པ་ པདྨ་བཟང་པོ་གི་ ཚེམས་ལས་རིང་བསྲེལ་འཁྲུངས་ཡོད་མི་དང་ བྱིན་རླབས་དམ་རྫས་ ནད་རིགས་ཀུན་འཇོམས་ དགྲ་ཤིང་རིལ་བུ་ སྨན་སྒྲུབ་དམ་རྫས་སྣ་ཚོགས་བླུགས་ཏེ་བཟོ་ཡོདཔ་ད་ ཆུ་འབད་བ་ཅིན་ རྡོ་རྗེ་དགོན་པ་ལུ་ཡོད་མི་ བླམ་ཚུལ་ཁྲིམས་མཐར་ཕྱིན་གྱི་གྲུབ་ཆུ་དང་ སྐུ་རྗེས་གྲུབ་ཆུ་ སྨན་ཆུ་ མཁའ་འགྲོའི་གྲུབ་ཆུ་ གཙང་ཆུ་སྣ་བསྡུས་ཡོདཔ་ཨིན་པས།
དྲུང་ཆེན་གྱིས་ སླབ་མིའི་ནང་ མི་ལོ་༨༠ དེ་ཅིག་ཧེ་མར་ ས་གནས་ནང་ གྲུབ་ནད་ཐོན་པའི་སྐབས་ རྗེ་པདྨ་བཟང་པོ་གི་ཚེམས་ ཆུ་ནང་སྦང་བཏབ་སྟེ་ མི་མང་ལུ་བྱིན་པའི་སྐབས་ ནད་ཡམས་ལས་ དྲག་ཡོདཔ་ལས་ ཧེ་མའི་གཏམ་རྒྱུད་ལུ་ ངོས་ལེན་འབད་དེ་ མི་སེར་ཚུ་ ནད་ཡམས་ལས་ བཀག་ཐབས་ཡོད་པ་ཅིན་ཟེར་མནོ་སྟེ་ གྲྭ་ཚང་གི་ཁ་ཐུག་ལས་ ཐབས་ལམ་བཏོན་ཡོདཔ་སྦེ་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

རྒྱ་འབྲུག་གི་ས་མཚམས་བདའ་སྟེ་ ཁྲིམས་འགལ་འབད་མི་ མང་སུ་ཐོན་དོ་ཡོདཔ།

བསམ་གྲུབ་ལྗོངས་མཁར་དང་ དགེ་ལེགས་ཕུག་ལུ་ ཏམ་ཁུའི་ནག་ཚོང་ལུ་བརྟེན་ མི་༡༩ འཛིན་བཟུང་འབད་ནུག། ༉ འབྲུག་གཞུང་གིས་ རྒྱལ་ཁབ་ནང་ ནད་ཡམས་COVID-19 དེ་ རྒྱལ་ཁབ་ནང་ འབུ་ནི་དང་ ཁྱབ་སྤེལ་འགྱོ་ནི་ལས་ སྔོན་འགོག་འབད་ཐབས་ལུ་ སྤྱི་ཟླ་༣ …

Leave a Reply

Your email address will not be published. Required fields are marked *