བཀྲིས་གཡང་རྩེ་ལུ་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཀྱི་ བཟོ་རྣམ་བཟུམ་འབད་མི་ གོན་ཅུང་། པར་་་ མི་སྡེ་བརྡ་བརྒྱུད་ནང་ལས།

ཀོ་རོ་ན་བའེ་རཱསི་ནད་འབུབ་ཀྱི་ བཟོ་རྣམ་འདྲ་བའི་ གོན་ཅུང་གི་རིགས་ཅིག་ ཐོན་ཡོདཔ།

༉ འདས་པའི་བདུན་ཕྲག་ནང་ དེད་གཡོགཔ་ཅིག་གིས་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཅིག་ ཁོ་གིས་ བཟུང་བཞག་སྟེ་ཡོདཔ་མ་ཚད་ གཅིག་ ཁོ་གིས་བསད་བཞག་ཡོདཔ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ མི་སྡེ་བརྡ་བརྒྱུད་ནང་ ཁྱབ་སྤེལ་བཏང་ནུག།
དེ་བཟུམ་སྦེ་ རེས་གཟའ་ཉི་མའི་ཚེ་ བཀྲིས་གཡང་རྩེ་ཁྲོམ་ཁར་ཡང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ལྷོད་ནུག་ཟེར་ མི་སྡེ་བརྡ་བརྒྱུད་ ཝི་ཅེཊ་ནང་ དུས་ཐུང་གློག་བརྙན་བཟོ་སྟེ་ ཁྱབ་སྤེལ་འབད་ནུག།
གློག་བརྙན་ནང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཀྱི་ བཟོ་རྣམ་བཟུམ་འབད་མི་ གོན་ཅུང་ཨིན་རུང་ ཧེ་མ་ མ་མཐོང་ནི་དེ་གིས་ ལགཔ་དཀྲོགས་ནི་ཡང་ འདྲོག་པས་ཟེར་ གློག་བརྙན་ནང་ གཅིག་གིས་གཅིག་ལུ་ བློ་སླབ་མི་དེ་ ཁྱབ་སྤེལ་སོང་ནུག།


མི་ལ་ལོ་ཅིག་ དེ་བཟུམ་མའི་ གོན་ཅུང་མཐོང་ར་མ་མཐོང་ཟེར་ རྣམ་རྟོག་ལང་ཡོདཔ་ད་ ལ་ལོ་ཅིག་གིས་ ནད་གཞི་ལྷོད་ནི་དེ་གིས་ བཟོ་རྣམ་གྱུར་སོཔ་མེན་ཟེར་ མི་སྡེ་བརྡ་བརྒྱུད་ནང་ བསམ་འཆར་བྲིས་ཡོདཔ་བཞིན་དུ་ ལ་ལོ་ཅིག་གིས་ ནད་གཞིའི་སྨན་ཨིན་ཟེར་ཡང་ བྲིས་སྟེ་འདུག།་
ལ་ལོ་ཅིག་གིས་ གོན་ཅུང་གི་རིགས་ཅིག་ཨིན་ཟེར་ ཁ་གསལ་རྐྱབ་སྟེ་ མི་སྡེ་བརྡ་བརྒྱུད་ནང་ བསམ་འཆར་བཀོད་དེ་འདུག།
ནད་འབུབ་ཀྱི་ བཟོ་རྣམ་དང་འདྲ་བའི་གོན་ཅུང་དེ་ ཁམས་དྭངས་རྒེད་འོག་ ས་གནས་བཱང་ལུམ་ཟེར་ས་ལས་ ཐོན་དོ་ཡོདཔ་ད་ ས་གནས་གཞུང་གི་ འགོ་དཔོན་ཚུ་གིས་ཡང་ མི་སྡེ་བརྡ་བརྒྱུད་ལས་ཐོནམ་ད་མ་གཏོགས་ ཤེས་མ་ཚུགས་ཟེར་ ས་གནས་གཞུང་གི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ས་གནས་ནང་སྡོད་མི་ སྐྱེས་ལོ་༤༧ ལང་མི་ རྡོ་རྗེ་དབང་མོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་མངའ་སྡེ་ སི་ཀིམ་ལས་ མོ་རའི་ ཁྱིམ་ཚང་ཅིག་གིས་ གོན་ཅུང་འབག་འོང་ནུག་ཟེར་ཨིནམ་ད་ གོན་ཅུང་དེ་ བཟའ་ཞིནམ་ལས་ སོན་ས་ཁར་བཀོག་བཞག་མི་ལས་ སྐྱེས་ནུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ གོན་ཅུང་གི་རིགས་ཅིག་འབདཝ་ལས་ ཆུང་ཀུ་འབདཝ་ད་ གོན་བཟུམ་སྦེ་ར་ འདུག་ཟེར་ཨིནམ་ད་ མོ་གིས་ སོན་དག་པ་ཅིག་ལེན་ཏེ་ འཛུགས་སྐྱོང་འབད་བའི་ཤུལ་ལུ་ མངམ་སྐྱེས་ནི་དེ་གིས་ བཙོང་ནིའི་དོན་ལུ་ ཁྲོམ་ཁར་འབག་སོང་ཡི་ཟེར་ཨིན་པས།
གོན་ཅུང་དེ་ ཕྱི་ལས་ སྲ་ཀྲག་ཀྲ་ཡོད་པའི་ཁར་ བཟའ་བའི་སྐབས་ ཞིམ་ཏོག་ཏོ་ཡང་མེནམ་ སྐྱུརཔོ་ཡང་མེནམ་སྦེ་འདུག་ཟེར་ མོ་གིས་ བཤད་པའི་ཁར་ མཆོད་བཤམ་ནང་བཞག་པའི་སྐབས་ ཟླཝ་ལས་བཅད་དེ་ མ་རུལ་བར་སྡོདཔ་མས་ཟེར་ཨིན་པས།
མི་སེར་ཚུ་གིས་ རྒྱ་གར་གྱི་མངའ་སྡེ་ སི་ཀིམ་ལུ་གནས་སྐོར་སོང་བའི་ཤུལ་ལུ་ གོན་ཅུང་དེ་གི་ སོན་འབག་འོང་སྟེ་ འཛུགས་སྐྱོང་འབད་ནུག་ཟེར་ཨིནམ་ད་ བཟོ་རྣམ་མ་འདྲཝ་འབད་མི་ གོན་ཅུང་དེ་ གོན་ཅུང་གི་རིགས་ཅིག་ཨིན་མས་ཟེར་ ཁམས་དྭངས་རྒེད་འོག་གི་ སོ་ནམ་རྒྱ་སྐྱེད་འགོ་དཔོན་ ཚེ་རིང་ལྷ་མོ་གིས་ བཤད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

 

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *