ཀོ་རོ་ན་བའེ་རཱསི་ནད་འབུབ་དང་འབྲེལ་བའི་ སྨན་བཅོས་དང་ རྐྱང་གནས་ཁང་གི་གནས་སྟངས།

༉ ད་ལྟོ་ཚུན་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཐོབ་མི་ཚུ་ ཟུར་བཞག་ཁང་ནང་ལས་ བདའ་ཟུན་ཡོདཔ་བཞིན་དུ་ གཞུང་གིས་ ཐབས་ལམ་སྣ་ཚོགས་ཀྱི་སྒོ་ལས་ ནད་འབུབ་ཐོབ་མི་ཚུ་ ལེགས་ཤོམ་སྦེ་ འཛིན་སྐྱོང་དང་ བཀག་འཛིན་འབད་ཚུགས་ཡོདཔ་ཨིན་པས།
ཕྱི་ཁ་ལས་ རྒྱལ་ཁབ་ནང་ ལོག་འོང་མི་ཚུ་དང་ དོགས་པ་ཅན་ཚུ་གི་ ནད་འབུབ་བརྟག་དཔྱད་ཀྱི་ གྲུབ་འབྲས་ཚུ་ རེ་ཚེ་སྐབས་ གནམ་ནུབ་མོ་ཡང་ ཐོན་དོ་ཡོདཔ་ལས་ ནད་འབུབ་ཡོདཔ་སྦེ་ ངོས་འཛིན་བྱུང་བའི་སྐབས་ ནདཔ་དེ་ ཟུར་བཞག་ཁང་ནང་ལས་ རྐྱང་གནས་ནང་ སྤོ་བཤུད་འབདཝ་ཨིན་ཟེར་ཨིན་པས།
རྒྱལ་ཁབ་ཀྱི་ ཕྲ་འབུབ་སྐྱེ་ལྡན་མཁས་མཆོག་ ཌོག་ཊར་མཚོ་སྐྱིད་ཀྱིས་ སླབ་མིའི་ནང་ ནདཔ་དེ་ རྐྱང་གནས་ཁང་ནང་ ལྷོད་པའི་ཤུལ་ལས་ གཞན་ལུ་འབུ་བའི་ནད་གཞི་ ཨེཆི་ཨའེ་བི་དང་ སི་ཕི་ལིས་ མཆིན་ནད་ མཁལ་རྡོག་མེདཔ་ཐལ་མི་ ཁྲག་ཤུགས་ གུ་རམ་གྱི་ནད་གཞི་དང་འབྲེལ་བའི་ ནད་གཞི་གཞན་ཚུ་ བརྟག་དཔྱད་འབད་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ནད་ཡམས་ཀོ་བིཌ་-༡༩ གིས་ གཙོ་བོ་ར་ གློཝ་གུ་ གནོད་པ་རྐྱབ་དོ་ཡོདཔ་ལས་ གློཝ་ཡང་ ལེགས་ཤོམ་སྦེ་ བརྟག་དཔྱད་འབད་བའི་ཁར་ བྱང་ཁོག་གློག་པར་བཏབ་ནི་ ཡོད་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ བྱང་ཁོག་གི་གློག་པར་ ལེགས་ཤོམ་ཡོདཔ་སྦེ་ མཐོང་པ་ཅིན་ གཞན་འབད་དགོཔ་གངམ་མེད་རུང་ སྐྱོན་ཡོད་པ་ཅིན་ སི་ཊི་སི་ཀེན་ཡང་ འབད་དོ་ཡོད་པའི་ཁར་ དོན་ཧིང་བརྟག་དཔྱད་འབད་ནིའི་དོན་ལུ་ ཨི་སི་ཇི་ཟེར་མི་ བརྟག་ཞིབ་དེ་ཡང་ འབད་ནི་ཡོད་ཟེར་ཨིན་པས།
འདི་བཟུམ་མའི་ སྨན་བཅོས་བརྟག་དཔྱད་ཀྱི་ གྲུབ་འབྲས་དང་ གཞན་ཡང་ གྱང་ཤུགས་རྐྱབ་ནི་དང་ ཚད་ནད་ བློ་འཁོག་ནི་ཚུ་ ཡོད་མེད་དང་འཁྲིལ་ ནདཔ་དེ་ལུ་ ནད་འབུབ་ཡོད་མེད་ལྟཝ་ཨིན་ཟེར་ ཌོག་ཊར་གྱིས་ སླབ་ཨིན་པས།
ད་རུང་ ནད་རྟགས་ཐོན་མི་ཚུ་གི་གྲས་ལུ་འབད་རུང་ ཧ་ལམ་ཅིག་དང་ ཚབས་ཅན་མེནམ་ཅིག་ དེ་ལས་ ཚབས་ཅན་གྱི་དབྱེ་བ་ཚུ་ཡང་ བལྟ་ནི་ཡོདཔ་ད་ ག་དེམ་ཅིག་སྦེ་ དུམ་གྲ་རེ་ བློ་འཁོག་མི་དང་ གྱང་ཤུགས་རྐྱབ་མི་འབད་བ་ཅིན་ ཧ་ལམ་ཅིག་ལས་ གློཝ་གུ་གནོད་སྐྱོན་དུམ་གྲ་རེ་རྐྱབ་ཡོདཔ་ད་ ཚད་ནད་ཤུགས་སྦེ་ཐོབ་མི་དང་ དབུགས་གཏོང་ལེན་ནང་ དཀའ་ངལ་ཡོད་མི་ཚུ་འབད་བ་ཅིན་ ཚབས་ཅན་སྦེ་ བརྩིཝ་ཨིན་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ཚུན་ འབྲུག་ལུ་ ཨེ་མེ་རི་ཀ་གི་ ལྟ་བཤལཔ་ཕོ་སྐྱེས་དེ་ རྐྱངམ་གཅིག་མ་གཏོགས་ ནདཔ་ཚབས་ཆེན་སྦེ་ ག་ཡང་མ་འཐོན་ཟེར་ཨིན་པས།
ད་ལྟོ་ཚུན་ ཡར་རྒྱས་འགྱོ་མི་དང་ མ་འགྱོ་མི་རྒྱལ་ཁབ་༢ ཆ་རའི་ནང་ ནད་ཡམས་ཀོ་བིཌ་གི་དོན་ལུ་ སྨན་བཅོས་འདི་ཨིན་ཟེརཝ་ཅིག་མེདཔ་ད་ ད་ལྟོ་ སྨན་བཅོས་བྱིན་མི་ཚུ་ མོ་བཏབ་བཟུམ་ཅིག་ ཨིན་ཟེར་ཨིན་པས།
མ་གཞི་ དབུགས་གཏོང་ལེན་གྱི་ དཀའ་ངལ་དང་འབྲེལ་བའི་ ནད་རྟགས་དུམ་གྲ་རེ་འཐོན་པ་ཅིན་ དེ་ལུ་ སྨན་བཅོས་འབད་ནི་མེདཔ་ཨིན་རུང་ ནད་རྟགས་ཚབས་ཆེན་ཡོད་པ་ཅིན་ སྨན་བཅོས་རིག་དག་པ་ཅིག་ མོ་བཏབ་སྦེ་ ལག་ལེན་འཐབ་དོ་ཡོདཔ་ད་ དེ་གི་གྲས་ལས་གཅིག་ པ་ལཱསི་མ་སྨན་བཅོས་ཟེར་མི་དེ་ ཨིན་ཟེར་ཨིན་པས།
ཌོག་ཊར་མཚོ་སྐྱེད་ཀྱིས་ བཤད་མིའི་ནང་ པ་ལཱསི་མ་ཟེར་མི་དེ་ ཁྲག་གི་ཆུ་ལུ་ སླབ་ཨིནམ་ད་ དེ་ཡང་ ནད་གཞི་དེ་ལས་ དྲག་མི་ནདཔ་ཚུ་ལས་བཙག་སྟེ་ ནདཔ་ཚུ་གི་གཟུགས་ཁར་ བཙུགས་དགོ་ཟེར་ཨིན་པས།
སྨན་བཅོས་དེ་གིས་ ནད་གཞི་ལས་ མགྱོགས་སུ་སྦེ་དྲག་ནི་ལུ་ ཕན་ཐོགས་དོ་ཡོདཔ་ད་ ནད་གཞི་གི་ཚབས་ཆེ་ཧིང་ཡང་ མར་ཕབ་འབདཝ་ཨིན་རུང་ སྨན་བཅོས་དེ་ ཚབས་ཆེན་ནདཔ་ཚུ་གི་དོན་ལུ་ རྐྱངམ་གཅིག་ཨིན་ཟེར་ཨིན་པས།
སྤྱིར་བཏང་ནད་གཞི་ཅིག་ལུ་ སྨན་བཅོས་ངེས་ཏིག་ ཕན་ཐོགས་ཅན་སྦེ་ ངོས་འཛིན་འབད་ནིའི་དོན་ལུ་ སྨན་བཅོས་བརྟག་དཔྱད་འབད་དེ་ ཧེ་མ་ལས་ཡོད་མི་ སྨན་དེ་དང་ དོ་འགྲན་འབད་དགོཔ་ཨིན་རུང་ ཀོ་རོ་ན་བཱའེ་རཱསི་ལུ་ ད་ལྟོ་ སྨན་བཅོས་ག་ནི་ཡང་མེད་ནི་དེ་གིས་ དོ་འགྲན་འབད་ས་ མིན་འདུག་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ཚུན་ འབྲུག་ལུ་ ནདཔ་ཚབས་ཆེན་ ཕུད་རྡོག་གཅིག་ཡང་ མ་ཐོནམ་ལས་ སྐལ་བ་བཟང་ཡི་ཟེར་ཨིན་པས།
སྨན་བཅོས་མེད་པ་ཅིན་ ནད་འབུབ་ཐོབ་མི་ཚུ་ སྨན་ཁང་ནང་ ག་ཅི་སྦེ་བཞགཔ་ཨིན་ན?
ཌོག་ཊར་མཚོ་སྐྱིད་ཀྱིས་འབད་བ་ཅིན་ ནད་འབུབ་ཐོབ་མི་དེ་ རྐྱང་གནས་ནང་ བཞག་དགོ་མི་དེ་ཡང་ ཁོང་གི་ ནང་མི་ཉེ་ཚན་དང་ གཞན་ཚུ་ལུ་ ནད་འབུབ་འབུ་ནི་ལས་ བཀག་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
མ་གཞི་ ནད་འབུབ་ཐོབ་མི་དེ་ རང་སོའི་ཁྱིམ་ནང་བཞགཔ་ད་ བཏུབ་ནི་ཨིན་རུང་ རང་གི་ཁྱིམ་ནང་འབདཝ་ད་ ནད་འབུབ་བཀག་ནིའི་དོན་ལུ་ ས་སྟོང་བཞག་ནི་དང་ རྐྱང་གནས་བཞག་ནི་ཚུ་ ཚུལ་མཐུན་སྦེ་ བཞག་མི་ཚུགས་ནིའི་ ཉེན་ཁ་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཌོག་ཊར་མཚོ་སྐྱིད་ཀྱིས་འབད་བ་ཅིན་ ནདཔ་ཚུ་ སྨན་ཁང་ནང་ བཞག་མི་དེ་གིས་ ནད་འབུབ་དེ་ གཞན་ལུ་འབུ་ནི་ལས་ བཀག་ཚུགས་པའི་ཁར་ སྨན་ཁང་གིས་ ནདཔ་ཚུ་ལུ་ ཚབས་ཆེན་གྱི་ནད་རྟགས་ཚུ་ བྱུང་མ་འབྱུང་གི་སྐོར་ལས་ ལེགས་ཤོམ་སྦེ་ ལྟ་རྟོགས་འབད་ཚུགས་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ བཞེས་སྒོ་བཟའ་མ་ཚུགས་པ་ཅིན་ ནདཔ་དེ་ལུ་ དེ་དང་བསྟུན་པའི་སྨན་དང་ གཞན་མི་ནད་གཞི་དང་བསྟུན་པའི་ ཁ་སྲུང་དང་ ཟས་བཅུད་ཐེབས་ཚུ་ བྱིན་ནི་ཡོད་ཟེར་ཨིན་པས།
ནད་གཞི་ཐོབ་མི་བ་ དྲག་མིའི་གྱངས་ཁ་ མཐོ་བའི་ཁར་ ཤི་རྐྱེན་མ་འབྱུང་མི་དེ་ ག་ཅི་ལུ་བརྟེན་ཨིན་ན?
འབྲུག་ལུ་ ནདཔ་ལ་ལོ་ཅིག་ ནད་གཞི་ལས་ དྲག་ནིའི་དོན་ལུ་ ཉིན་གྲངས་༡༢ ལས་༡༥ རེ་ འགོར་དོ་ཡོདཔ་ཨིན་རུང་ ལ་ལོ་ཅིག་ དུས་ཡུན་རིངམོ་སྦེ་ར་ འགོརཝ་མས་ཟེར་ཨིན་པས།
ཨིན་རུང་ མི་ཌིལ་ཨིསཊི་ལས་ར་ ནད་འབུབ་ཐོབ་སྟེ་ འོང་མི་ཚུ་འབད་བ་ཅིན་ ཧེ་མ་ལས་ ནད་འབུབ་ཐོབ་སྟེ་ དུས་ཡུན་ཧ་ལམ་ ལང་སོ་ནི་དེ་གིས་ འབྲུག་གི་སྨན་ཁང་ནང་ལྷོད་དེ་ བདུན་ཕྲག་༡ དེ་ཅིག་ནང་ དྲག་མི་ཡོད་ཟེར་ཨིན་པས།
སྨན་ཁང་ནང་ ཡུན་རིང་སུ་སྦེ་ སྡོད་དགོཔ་ཐོན་མི་ཚུ་ ནད་འབུབ་དེ་ འབྲུག་ལུ་ ལོག་འོང་བའི་ལམ་ཁར་ ཐོབ་མི་ཚུ་ཨིནམ་ད་ ལ་ལོ་ཅིག་ ཉིན་གྲངས་༣༠ ལྷག་སྟེ་ སྡོད་དགོཔ་ཐོནམ་མས་ཟེར་ཨིན་པས།
དེ་དང་འཁྲིལ་ རྐྱང་གནས་ནང་ལས་དྲག་སྟེ་ ལོག་བཏང་བའི་སྐབས་ ཁོང་གིས་ ནདཔ་དེ་ ནད་འབུབ་དེ་ལས་ དྲག་ཡོདཔ་ངེས་བརྟན་ བཟོཝ་ཨིན་ཟེར་ཨིན་པས།
ཕྱིའི་རྒྱལ་ཁབ་ཀྱི་ སྨན་ཁང་ཚུ་ནང་འབད་བ་ཅིན་ ནད་འབུབ་ཐོབ་མི་ ནདཔ་ཚབས་ཆེན་ཚུ་ ལེན་ནི་མ་གཏོགས་ ནད་རྟགས་མེད་མི་ཚུ་ རང་སོའི་ཁྱིམ་ནང་ར་ སྡོད་དགོཔ་སྦེ་སླབ་པའི་ཁར་ བརྟག་དཔྱད་ག་ནི་ཡང་མ་འབད་བར་ བདུན་ཕྲག་༡ གི་རྒྱབ་ལས་ དྲག་སོཔ་སྦེ་བརྩིས་ཏེ་ ག་ཅི་འབད་རུང་ འབད་ཆོགཔ་སྦེ་ སླབ་མི་ཡང་ཡོད་ཟེར་ཨིན་པས།
དེ་མ་ཚད་ ལ་ལོ་ཅིག་ སྨན་ཁང་ནང་ བཞག་སྟེ་འབད་རུང་ བདུན་ཕྲག་༡ དེ་ཅིག་གི་རྒྱབ་ལས་ དྲག་ཡོད་པའི་དབང་དུ་བཏང་སྟེ་ ལོག་གཏང་ནི་ཡོད་རུང་ འབྲུག་ལུ་ དེ་བཟུམ་འབད་ནི་མེད་ཟེར་ཨིན་པས།
འབྲུག་ལུ་ ནདཔ་དེ་ ནད་འབུབ་ལས་དྲགཔ་སྦེ་ བརྩི་ནིའི་དོན་ལུ་ རྐྱང་གནས་ནང་ དུས་ཡུན་རིངམོ་སྦེ་ར་ སྡོད་དགོཔ་ད་ དུས་ཡུན་ཆུ་ཚོད་༢༤ གི་རིང་ བརྟག་དཔྱད་ཚར་༢ འབདཝ་ད་ མ་ཐོབ་པའི་ གྲུབ་འབྲས་འཐོན་དགོ་ཟེར་ཨིན་པས།
དེ་བཟུམ་སྦེ་ ནད་གཞི་ལས་དྲག་མིའི་གྱངས་ཁ་ མཐོ་དྲགས་ཡོད་དགོ་མི་དེ་ཡང་ ཚན་རིག་ཀྱི་ཧོངས་ལས་ ནད་འབུབ་དེ་ལུ་བརྟེན་ ཤི་རྐྱེན་དང་ ནད་གཞི་ཚབས་ཆེན་ དེ་ལས་ ནད་གཞི་དེ་ལུ་བརྟེན་པའི་ དཀའ་ངལ་ཚུ་ སྐྱེས་ལོ་༦༠ ཡན་ཆད་འབད་མི་ཚུའི་གྲངས་སུ་ཨིན་རུང་ ད་ལྟོ་ འབྲུག་ལུ་ ནད་འབུབ་ཐོབ་མི་ཚུ་ སྐྱེས་ལོ་༢༥-༣༥ འབད་མི་ཚུ་ཨིནམ་ད་ ད་ལྟོ་ཚུན་ ནད་འབུབ་ཐོབ་མི་ རྒན་ཤོས་དེ་ར་ སྐྱེས་ལོ་༤༠ འབད་མི་ཅིག་ ཨིན་ཟེར་ཨིན་པས།
གལ་སྲིད་ མི་སྡེའི་ནང་ ནད་འབུབ་དེ་ ཁྱབ་སྤེལ་འགྱོ་བ་ཅིན་ རྒན་གཞོན་ག་ར་ལུ་ ཉེན་ཁ་འོང་ནི་ཨིནམ་ལས་ ད་ལྟོའི་ གནས་སྟངས་འདི་ལུ་བལྟ་སྟེ་ སེམས་བག་ཡེངས་ཤོར་ནི་ མི་འོང་ཟེར་ཨིན་པས།
དེ་མ་ཚད་ ད་ལྟོ་ རྒྱལ་ཁབ་ནང་ གནས་སྟངས་འ་ནེམ་ཅིག་ ལེགས་ཤོམ་ཡོད་མི་དེ་ ང་བཅས་རའི་ ཆོས་ཕྱོགས་ཀྱི་ཧོངས་ལས་ སྐུ་རིམ་ཚུ་གནང་མི་དང་ ལྷ་ཆོས་སྐྱོང་སྲུང་མ་ཚུ་གིས་ སྐྱབས་མཛད་མི་བརྟེན་ཏེ་ ཨིན་ཟེར་ཨིན་པས།
རྐྱང་གནས་ཁང་ནང་ གནས་སྟངས་ག་བཟུམ་ཡོདཔ་ཨིན་ན?
གསོ་བའི་ལས་བྱེདཔ་ཚུ་ རང་སྐྱོབ་ཅ་ཆས་ཚུ་གྱོན་ཏེ་ ག་ཨིན་ན་ ངོ་ཤེས་མ་ཚུགསཔ་སྦེ་ སྡོད་དོ་ཡོདཔ་ལས་ གནས་སྟངས་དང་བསྟུན་པའི་ ཚབས་འཚུབ་དུམ་གྲ་རེ་ཡོདཔ་ཨིན་རུང་ ནད་རྟགས་ཚབས་ཆེན་མེད་མི་དང་འཁྲིལ་ ནདཔ་ཚུ་ ཨ་རྟག་ཧར་ལུགས་སྦེ་ སྡོདཔ་ཨིན་ཟེར་ཨིན་པས།
ཧེ་མ་འབད་བ་ཅིན་ ནདཔ་ལ་ལོ་ཅིག་ ཞབས་ཁྲ་རེ་རྐྱབ་ ཊིག་ཊཱོག་རེ་ཡང་ བཟོ་སྟེ་སྡོདཔ་མ་གཏོགས་ སྤྱིར་བཏང་ བརྡ་བརྒྱུད་ཚུ་ནང་ ཐོན་དོ་བཟུམ་སྦེ་ སྔུ་སྐད་དང་ ན་ཟུག་གི་སྐད་རྐྱབ་སྟེ་སྡོད་ནི་ རྩ་ལས་ར་མེདཔ་ད་ ཐ་ན་ དབུགས་གཏོང་ལེན་ཅ་ཆས་ཝེན་ཊི་ལེ་ཊར་ཚུ་ཡང་ ལག་ལེན་འཐབ་འཐབ་ནི་མེད་ཟེར་ཨིན་པས།
དེ་མ་ཚད་ ནདཔ་ཅིག་ ནད་འབུབ་མ་ཐོབ་སྦེ་ འཐོན་སོ་པ་ཅིན་ ནདཔ་དང་ གསོ་བའི་ལས་བྱེདཔ་༢ ཆ་ར་ལུ་ རྒྱན་ཤོག་གི་ གསོལ་རས་ཐོབ་པའི་ དགའ་བ་བྱུངམ་ཨིན་ཟེར་ཨིན་པས།
དཔྱེ་འབད་བ་ཅིན་ ད་རེས་ཁམས་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་༢ རྐྱང་གནས་ནང་བཞག་པའི་སྐབས་ གསོ་བའི་ལས་བྱེདཔ་ག་ར་གིས་ ཨམ་སྲུ་༢ ལས་ འགྲོས་ཀྱིས་སྦེ་དྲག་ནིའི་དོན་ལུ་ སྨོན་ལམ་བཏབ་དགོཔ་ཐོན་ཡི་ཟེར་ཨིན་པས།
རེ་བ་སྦོམ་སྦེ་བསྐྱེད་དེ་ གསོ་བའི་ལས་བྱེདཔ་ཚུ་གི་བར་ན་ གློག་འཕྲིན་ཚུ་ཡང་ བརྗེ་སོར་འབད་དེ་ གཅིག་གིས་གཅིག་ལུ་ བརྟག་དཔྱད་གྲུབ་འབྲས་ཚུ་གི་སྐོར་ལས་ བརྡ་དོན་བརྗེ་སོར་འབད་སྡོད་པའི་བར་ན་ ལོག་སྟེ་ ནད་འབུབ་ཡོདཔ་སྦེ་ཐོནམ་ད་ སེམས་སྐྱོ་བའི་གནས་སྟངས་ཅིག་ལུ་ གྱུརཝ་མས་ཟེར་ཨིན་པས།
ཚར་གཅིག་ སྨན་ཁང་ནང་ ནདཔ་༢༩ ཡོད་མིའི་གྲས་ལས་ འགྲོས་ཀྱིས་སྦེ་ ནདཔ་༡༢ དང་༡༣ དེ་ཅིག་ལུ་ མར་བབས་འགྱོཝ་ད་ སྒྲིག་གཡོག་རྒྱུགས་མི་ གསོ་བའི་ལས་བྱེདཔ་ཚུ་ དགའ་བ་བྱུངམ་མས་ཟེར་ཨིན་པས།
དེ་ལས་ སྨན་ཁང་ནང་ ཟས་བཅུད་མཁས་མཆོག་ཚུ་ཡོདཔ་བཞིན་དུ་ བཞེས་སྒོ་ཚུ་ཡང་ བརྟག་ཞིབ་འབད་དེ་ དགོས་མཁོ་དང་བསྟུན་ བྱིནམ་ཨིན་ཟེར་ཨིན་པས།
ད་ལྟོ་ཚུན་ འབྲུག་ལུ་ ཀོ་རོ་ན་བའེ་རཱསི་ཐོབ་མི་༡༠༡ ཡོད་མིའི་གྲངས་ལས་ བརྒྱ་ཆ་༨༠ མི་ཌལ་ཨིསཊི་ལས་ ལོག་རྒྱལ་ཁབ་ནང་ འོང་མི་ཚུ་ཨིན་པས།
ནད་འབུབ་ཐོབ་མིའི་གྲས་ལས་ ནདཔ་༨༨ དྲག་ཡོད་མི་དེ་ བརྒྱ་ཆ་༨༧ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

རི་སེར་བུ་སྨན་ཁང་ནང་ མོ་ནད་མཁས་མཆོག་མེད་པའི་ གདོང་ལེན་བྱུང་དོ་ཡོདཔ།

༉ བཀྲིས་སྒང་ཝམ་རོང་དྲུང་ཁག་ རི་སེར་བུ་སྨན་ཁང་ནང་ མོ་ནད་མཁས་མཆོག་ཅིག་མེདཔ་ལས་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ལུ་ སྟབས་མ་བདེཝ་ཐོན་ཏེ་འདུག། དེ་ཡང་ ཨ་ལོ་སྐྱེ་ནི་ཡོད་མི་ ཨམ་སྲུ་ཚུ་ ཞབས་ཏོག་ལེན་པར་ བཀྲིས་སྒང་སྨན་ཁང་དང་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་ནང་ འགྱོ་དགོཔ་ཐོནམ་མས་ཟེར་ ཨམ་སྲུ་ཚུ་གིས་ …

Leave a Reply

Your email address will not be published. Required fields are marked *