ཀོ་རོ་ན་བའེ་རཱསི་ཐོབ་མི་༨༢ ལས་༧༦ དྲག་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༣ པ་ལས་ སྤྱི་ཟླ་༧ པའི་ཚེས་༡༢ ཀྱི་བར་ན་ ནད་ཡམས་ཀོ་རོ་ན་བའེ་རཱསི་༼ཀོ་བིཌ་-༡༩༽ ཐོབ་མི་༨༢ ལུ་ ཡར་འཕར་སོང་མི་ལས་ ནདཔ་༧༦ དྲག་ཡོདཔ་སྦེ་ ཁ་ཙ་ གསོ་བ་ལྷན་ཁག་གིས་ གསལ་བསྒྲགས་འབད་ནུག།
དེ་དང་གཅིག་ཁར་ མི་ཌཱལ་ཨིསི་ཊ་ལུང་ཕྱོགས་ལས་ རྒྱལ་ཁབ་ནང་ ལོག་འོང་མི་ འབྲུག་མི་ཕོ་སྐྱེས་༡ དང་ ཨམ་སྲུ་༡ ལུ་ ཀོ་བིཌ་-༡༩ ཐོབ་ཡོད་པའི་ གྲུབ་འབྲས་ཐོན་མི་དང་བསྟུན་ འབྲུག་ལུ་ ནད་འབུབ་ཐོབ་མིའི་གྱངས་ཁ་༨༢ ལུ་ ལྷོད་ཡོདཔ་ད་ ནདཔ་༢ ཡང་ སྤ་རོ་ལུ་ ཟུར་བཞག་ནད་བརྟག་ཁང་ནང་ བཞག་པའི་སྐབས་ སྤྱི་ཟླ་༧ པའི་ཚེས་༡༡ ལུ་ བརྟག་དཔྱད་འབདཝ་ད་ ཀོ་བིཌ་-༡༩ ཐོབ་ཡོདཔ་ བདའ་ཟུན་པའི་ཤུལ་ལས་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ རྐྱང་གནས་ནད་ཁང་ནང་ སྤོ་བཤུད་འབད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཀོ་བིཌ་-༡༩ གི་ དུས་མཐུན་གནས་སྡུད་དང་འཁྲིལཝ་ད་ ད་ལྟོ་ སྨན་ཁང་གི་ རྐྱང་གནས་ནད་ཁང་ནང་ ནདཔ་༦ མ་གཏོགས་ གཞན་ག་ར་ དྲག་སོ་ཡི་ཟེར་ཨིན་པས།
གསོ་བའི་སྒྲིག་གཞི་དང་འཁྲིལཝ་ད་ ཟུར་བཞག་ནད་བརྟག་ལྟེ་བ་ཚུ་ནང་ ཟུར་བཞག་མི་ཚུ་ལས་ ཀོ་བིཌ་-༡༩ ཐོབ་ཡོདཔ་ བདའ་ཟུན་མི་དང་བསྟུན་ སྨན་ཁང་གི་ རྐྱང་གནས་ནད་ཁང་ནང་ སྤོ་བཤུད་འབད་དེ་ སྨན་བཅོས་དང་ ལྟ་རྟོག་འབད་བའི་ཤུལ་ལས་ ད་རུང་ ནད་འབུབ་ཡོད་མེད་ཀྱི་ བརྟག་དཔྱད་འབདཝ་ད་ དུས་ཡུན་ཆུ་ཚོད་༢༤ ནང་ ནད་མེད་པའི་ གྲུབ་འབྲས་ལན་ཐེངས་༢ ཐོན་པའི་ཤུལ་ལུ་ ཟུར་བཞག་ནད་བརྟག་ལྟེ་བ་ནང་ ད་རུང་ བདུན་ཕྲག་༢ ཀྱི་རིང་ ཟུར་བཞགཔ་ཨིན་པས།
བདུན་ཕྲག་༢ ཀྱི་ དུས་ཡུན་ཚངམ་ད་ ད་རུང་ ནད་ཡམས་ཀྱི་ ནད་བརྟག་འབད་བའི་སྐབས་ ནད་འབུབ་མེདཔ་ ཐོན་པ་ཅིན་ ནདཔ་དེ་ ལེགས་ཤོམ་སྦེ་ དྲག་པའི་གྲངས་སུ་ བརྩི་འཇོག་འབདཝ་ཨིན་པས།
ད་ལྟོ་ཚུན་ ཀོ་བིཌ་-༡༩ ཐོབ་མི་ ནདཔ་༧༦ དྲག་མི་ལས་ ཨམ་སྲུ་༣༩ དང་ ཕོ་སྐྱེས་༣༧ ཨིན་པས།
ད་རེས་ནངས་པར་ ཟུར་བཞག་ནད་བརྟག་ཁང་༣༢ ནང་ ཟུར་བཞག་མི་༥༩༥ ཡོདཔ་ཨིན་པས།
གསོ་བ་ལྷན་ཁག་གིས་ མི་མང་ལུ་ དྲན་གསོ་འབད་མིའི་ནང་ ས་མཚམས་ཁྲོམ་དང་ ས་མཚམས་བདའ་སྟེ་ཡོད་མི་ གཡུས་མི་ཚུ་གིས་ རང་སོའི་འགན་ཁུར་ ཚུལ་ལྡན་འབག་ཞིནམ་ལས་ ལྷན་ཁག་གི་ སྒྲིག་གཞི་དང་ གཞུང་གི་ཁྲིམས་ལུགས་ཚུ་ལས་འགལ་བའི་ བྱ་ངན་འབད་ནི་ཚུ་ ག་དེ་དྲག་དྲག་ འཛེམ་དགོ་པའི་ཁར་ ཁ་རས་ལག་ལེན་དང་ གཙང་སྦྲ་དང་ལྡནམ་སྦེ་ སྡོད་དགོ་ཟེར་ དུས་མཐུན་སྙན་ཞུ་ནང་ བཀོད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

 

About admin

Check Also

འགྲོ་འགྲུལ་བཀག་དམ་སྐབས་ རང་དང་གཞན་གྱི་ཉེན་སྲུང་དོན་ལུ་ རང་སོའི་ཁྱིམ་ནང་སྡོད་དགོཔ།

༉ ད་རེས་ཁམས་ ཟུར་བཞག་ས་ཁོངས་ནང་ ལོག་ཅི་ར་ བརྟག་དཔྱད་འབད་དེ་ ལོག་བཏང་མི་ཨམ་སྲུ་ཅིག་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཡོད་པའི་ ནད་བརྟག་གྲུབ་འབྲས་ཐོན་མི་དང་འཁྲིལ་ ཁ་ཙ་ལས་འགོ་བཙུགས་ རྒྱལ་ཁབ་མཐའ་དབུས་མེད་པར་ འགྲོ་འགྲུལ་བཀག་དམ་ཡོདཔ་བཞིན་དུ་ ཨམ་སྲུ་དེ་དང་གཅིག་ཁར་ འབྲེལ་བ་འཐབ་མི་ཚུ་ འཚོལ་ཞིབ་ཐོག་ལས་ བརྟག་དཔྱད་འབད་བའི་བསྒང་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *