འབྲུག་ལུ་ ཀོ་རི་ཡའི་གཞུང་ཚབ་ཀྱི་ངོ་ཚབ་ ཨིང་ཡོང་ཀོ་གིས་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་ལུ་ ཡུ་ཨེསི་ཌོ་ལར་༤༠༠,༠༠༠ དེ་ཅིག་གི་ གྲོགས་རམ་ཕུལ་བའི་བསྒང་།

ཀོ་རི་ཡ་གིས་ འབྲུག་ལུ་ ཀོ་བིཌ་-༡༩ གི་གདོང་ལེན་ལུ་ ཡུ་ཨེསི་ཌོ་ལར་༤༠༠,༠༠༠ གྲོགས་རམ།

༉ ཁ་ཙ་ ལྷོ་ཀོ་རི་ཡ་རྒྱལ་ཁབ་ཀྱིས་ འབྲུག་ལུ་ ནད་ཡམས་ཀོ་བིཌ་-༡༩ ལུ་ གདོང་ལེན་འབད་ནིའི་དོན་ལས་ ཡུ་ཨེསི་ཌོ་ལར་༤༠༠,༠༠༠ གནས་པའི་ ནད་བརྟག་མཁོ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ནུག།
དེ་ཡང་ བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལུ་ཡོད་མི་ འབྲུག་ལུ་ ཀོ་རི་ཡའི་གཞུང་ཚབ་ཀྱི་ ངོ་ཚབ་སྦེ་ འབྲུག་གི་ཀོའི་ཀ་(KOIKA)འཛམ་གླིང་མཛའ་བཤེས་ ལས་རིམ་འགོ་འདྲེན་པ་ ཨིང་ཡོང་ཀོ་གིས་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་ལུ་ རྩིས་སྤྲོད་པའི་ཁར་ དེ་གི་ཁ་སྐོང་སྦེ་ ཡུ་ཨེསི་ཌོ་ལར་༢༠༠,༠༠༠ གྲོགས་རམ་ཕུལ་ཡི།
ནད་བརྟག་མཁོ་ཆས་དེ་གིས་ བརྟག་དཔྱད་༡༧,༢༥༠ དེ་ཅིག་ འབད་ཚུགས་ནི་ཨིནམ་ད་ མཁོ་ཆས་ཚུ་ རྩིས་སྤྲོད་པའི་སྐབས་ གསོ་བ་བློན་པོ་ བདེ་ཆེན་དབང་མོ་གིས་ ཀོ་རི་ཡཱན་གྱིས་ རྒྱབ་སྐྱོར་འབད་མི་དེ་ རྒྱལ་ཁབ་༢ ཀྱི་བར་ན་ མཛའ་བཤེས་མཐུན་ལམ་ འཕྲོ་མཐུད་དེ་ར་ སྒྲིང་སྒྲི་བཞག་ནི་དང་ མཉམ་འབྲེལ་ཡར་དྲག་གཏང་ནིའི་ བརྡ་མཚོན་ཅིག་ཨིན་ཟེར་ བཤད་ཅི།
མོ་གིས་འབད་བ་ཅིན་ མཁོ་ཆས་ཚུ་གིས་ འབྲུག་ལུ་ ཀོ་རོ་ན་བའེ་རཱསི་ཐོབ་མི་ ཧ་སུ་བདའ་ཟུན་ནི་དང་ མི་སྡེའི་ནང་ ཁྱབ་སྤེལ་འགྱོ་ནི་ལས་ བཀག་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
འཛམ་གླིང་ནང་ ནད་ཡམས་ཀོ་རོ་ན་བའེ་རཱསི་ཐོབ་མི་ ཡར་འཕར་འགྱོ་བཞིན་དུ་ཡོདཔ་ལས་ འབྲུག་གིས་ ཀོ་རི་ཡཱན་རྒྱལ་ཁབ་ཀྱིས་ ཚབས་ཆེན་གྱི་ ནད་ཡམས་འཛིན་སྐྱོང་འབད་མི་ལུ་ མིག་དཔེ་བཟང་པོ་ཅིག་སྦེ་ བརྩི་འཇོག་འབད་དོ་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ནད་གཞི་བརྟག་དཔྱད་འབད་ནིའི་ ལྕོགས་གྲུབ་ཅན་དང་ དྭངས་གསལ་ལམ་ལུགས་ཡོད་པ་ཅིན་ ནད་གཞི་དེ་ གདོང་ལེན་དང་ བཀག་ཐབས་འབད་ཚུགས་ནི་ཨིནམ་ད་ ཀོ་རི་ཡཱན་གྱི་ ཉམས་མྱོང་དང་འཁྲིལ་ཏེ་ ཀོ་བིཌ་-༡༩ དར་ཁྱབ་དང་ བཀག་ཐབས་འཛིན་སྐྱོང་འབད་ནིའི་དོན་ལས་ འབྲུག་ལུ་ བརྟག་དཔྱད་ཀྱི་ རྒྱབ་སྐྱོར་འབད་ནི་ཨིན་པས།
གཞུང་ཚབ་ཨིང་ཡོང་ཀོ་གིས་ སླབ་མིའི་ནང་ འབྲུག་གཞུང་དང་ མི་སེར་ཚུ་གིས་ ཀོ་བིཌ་-༡༩ དར་ཁྱབ་མི་གཏང་ནིའི་དོན་ལུ་ ཉེན་སྲུང་གི་ ཐབས་ཤེས་སྒྲིང་སྒྲི་བཏོན་མི་ལུ་བརྟེན་ ད་ཚུན་གྱི་བར་ན་ ནད་གཞི་ཐོབ་མི་༢༧ ལས་ ཤི་རྐྱེན་ཕུད་རྡོག་གཅིག་ཡང་མེད་མི་ལུ་ ངལ་རངས་ཡོད་ལུགས་ བཤད་ཅི།
འདས་པའི་ཟླཝ་ནང་ ཀོ་རི་ཡའི་སྲིད་འཛིན་ མཱོན་ཇེ་ཨིན་དང་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་༢ ཀྱི་བར་ན་ བརྒྱུད་འཕྲིན་ཐོག་ལས་ ནད་ཡམས་ལུ་ གདོང་ལེན་ག་དེ་སྦེ་ འབད་ནི་ཨིན་ནའི་སྐོར་ལས་ ཐུགས་འཆར་བརྗེ་སོར་གནངམ་ད་ ཀོ་རི་ཡཱན་གཞུང་གིས་ དགོས་མཁོ་ཅན་གྱི་ ཅ་ཆས་ཚུ་ འབྲུག་ལུ་ རྒྱབ་སྐྱོར་འབད་ནི་གི་ ཁས་ལེན་གནང་ཡོདཔ་ཨིན་པས།
འབྲུག་དང་ ལྷོ་ཀོ་རི་ཡ་རྒྱལ་ཁབ་༢ ཀྱི་བར་ན་ ཕྱི་འབྲེལ་དོན་གཅོད་མཐུན་ལམ་དེ་ སྤྱི་ལོ་༡༩༨༧ ལུ་ གཞི་བཙུགས་འབད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཝམ་རོང་གི་ འཐབ་རྩོད་ནང་ མི་༣ ལུ་ ཉེས་འཛུགས་འབད་ཡོདཔ།

༉ བཀྲིས་སྒང་ཝམ་རོང་ལུ་ སྤྱི་ཟླ་༤ པའི་ཚེས་༢༦ ལུ་ འཐབ་འཛིང་བྱུང་མི་དེ་ནང་ དྲང་དཔོན་གྱི་ཨམ་དང་ ཕྱགས་བདར་བའི་གནས་ཚང་ དེ་ལས་ སློབ་ཕྲུག་བུཚ་ཅིག་ལུ་ ཉེས་འཛུགས་འབད་བའི་ སྣ་ཚོགས་སྙན་གསན་དེ་ ཁ་ཙ་ ཝམ་རོང་དྲུང་ཁག་ཁྲིམས་ཀྱི་འདུན་སར་ ངང་ལམ་དྲུང་ཁག་ཁྲིམས་འདུན་གྱི་ …

Leave a Reply

Your email address will not be published. Required fields are marked *