ཀོ་བིཌ-༡༩ ནད་འབུབ་ཀྱི་ ནད་བཀག་སྨན་ལེ་ཤ་བཟོ་དོ་ཡོད་རུང་ བློ་གཏད་མེདཔ།

༉ ད་རེས་ འཛམ་གླིང་ནང་ ཀོ་རོ་ན་བའེ་རཱསི་ནད་འབུབ་ཀྱི་དོན་ལུ་ ནད་བཀག་སྨན་བཟོ་སྟེ་ མོ་བཏབ་ཀྱི་ བརྟག་དཔྱད་འབད་མི་དག་པ་ཅིག་ཡོད་རུང་ ད་ལྟོ་ཚུན་ འོས་འབབ་ཆེ་ཤོས་དེ་ བེག་སིན་སའི་ནོ་དང་ ཨོགསི་ཕཱོཌ་ཟེར་མི་༢ ཨིན་པས།
ད་ལྟོ་ ནད་བཀག་སྨན་༢ མོ་བཏབ་གོ་རིམ་༣ པའི་ནང་ ལྷོད་དེ་ཡོདཔ་ད་ ད་རུང་ དེ་མཇུག་བསྡུ་བའི་བསྒང་ལས་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ བརྟག་དཔྱད་འབད་དགོ་ཟེར་ཨིནམ་ད་ དེ་གི་ཤུལ་ལས་རྐྱངམ་གཅིག་ སྤྱིར་བཏང་འོས་འབབ་ཡོདཔ་མཐོང་པ་ཅིན་ འཐོབ་ཚུགས་ཟེར་ཨིན་པས།
ཨིན་རུང་ ག་དེ་སྦེ་ འཐོབ་ཚུགས་ག་དང་ ག་ཏེ་ལས་ འཐོབ་ཚུགས་ག་ཚུ་ སྨན་དེ་ ཐོན་ཞིནམ་ལས་མ་གཏོགས་ ཤེས་མི་ཚུགས་ཟེར་ཨིན་པས།
གསོ་བའི་བློན་པོ་ བདེ་ཆེན་དབང་མོ་གིས་ ནད་བཀག་སྨན་འཐོན་པ་ཅིན་ འབྲུག་རྒྱལ་ཁབ་ རང་རྐྱང་སྦེ་མེན་པར་ ལུང་ཕྱོགས་སྦེ་ར་ ལེན་དགོ་ནི་དང་ རྒྱ་གར་རྒྱལ་ཁབ་ནང་འབད་བ་ཅིན་ ད་ལྟོ་ སྨན་དེ་ མོ་བཏབ་འབད་ནི་ འགོ་བཙུགས་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱ་གར་ལུ་ཡོད་པའི་ ཨོ་ཊ་ཝཱལ་ཟེར་ འཛམ་གླིང་ནང་ པོ་ལི་འོ་གི་ སྨན་བཟོ་མི་ ལས་སྡེ་དེ་གིས་ཡང་ ནད་འབུབ་ཀྱི་ སྨན་བཟོ་དགོ་པ་ཅིན་ བཟོ་ནི་དང་ དེ་ནང་ལས་ བརྒྱ་ཆ་༥༠ རྒྱ་གར་གྱི་དོན་ལུ་ བཞག་ནི་སྦེ་ཡང་ སླབ་ཡོདཔ་ཨིན་རུང་ གཞན་སྨན་བཟོ་མི་ ལས་སྡེ་ཚུ་གིས་ ད་ལྟོ་ཚུན་ བཀྲམ་སྤེལ་གྱི་ལམ་ལུགས་ཚུ་ ག་དེ་སྦེ་འོང་ནི་ཨིན་ན་ ག་ནི་ཡང་ མ་སླབ་མས་ཟེར་ཨིན་པས།
ད་ལྟོ་ ལམ་ལུགས་དེ་གི་སྐོར་ལས་ ཧིང་སངས་ས་སྦེ་ མ་ཤེས་རུང་ སྤྱིར་བཏང་སྨན་གསརཔ་ བཀྲམ་སྤེལ་འབད་ནིའི་དོན་ལུ་ ཧེ་མ་ར་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ སྨན་དེ་ མི་ལུ་ མོ་བཏབ་འབད་ནི་ལུ་ འོས་འབབ་འདུག་ཟེར་བའི་ གནང་བ་ཐོབ་དགོཔ་ ཨིན་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ སྨན་ཁབ་ཚུ་ཐོན་རུང་ ཉུང་སུ་ཅིག་ལས་བརྒལ་ བཀྲམ་སྤེལ་མ་འབད་བ་ཅིན་ གསོ་བའི་ཧོངས་ལས་ དང་པ་ར་ སྨན་ཁབ་ཚུ་ མི་ག་བཟུམ་ཚུ་ལུ་ བྱིན་ནི་ཨིན་ན་གི་ སྒྲིག་གཞི་ཚུ་ཡང་ བཟོ་སྟེ་ཡོདཔ་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ནད་འབུབ་དེ་གི་དོན་ལུ་ སྨན་ཁབ་ཚུ་ འཕྲལ་མགྱོགས་འཐོབ་ནི་ཨིན་པའི་ མནོ་བསམ་བཏང་སྟེ་ སྣང་མེད་སྦེ་ སྡོད་ནི་མི་འོང་ནི་དང་ དེ་ཡང་ གཙོ་བོ་ར་ ག་དེམ་ཅིག་སྦེ་འཐོན་རུང་ མང་ཧིང་ག་དེམ་ཅིག་ འཐོབ་ཚུགས་ག་དང་ ག་དེ་སྦེ་འཐོབ་ཚུགས་ག་ ཡང་ཅིན་ ང་བཅས་ཀྱི་ མཁོ་སྒྲུབ་འབད་ཚུགས་དང་ མི་ཚུགས་ཀྱི་ཐད་ལས་ གཅད་པ་ཅིན་ བློ་གཏད་ཚུགསཔ་ ག་ནི་ཡང་མེད་ཟེར་ཨིན་པས།
དེ་དང་འཁྲིལ་ ད་ལྟོ་ བློ་གཏད་ཚུགས་པའི་ དོགས་པ་མེད་པའི་ ཚན་རིག་གི་ ནད་འབུབ་བཀག་ཐབས་ ལགཔ་འཁྱུ་ནི་དང་ ཁ་རས་སྤུབས་ནི་ དེ་ལས་ ས་སྟོང་བཞག་ནི་དང་འབྲེལ་བའི་ བཀག་ཐབས་ཀྱི་ཐབས་ལམ་ཚུ་ བཏོན་དགོ་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ རང་གི་གཟུགས་ཁར་ ནད་འབུབ་འཐོབ་པ་ཅིན་ ཕྱི་ཁར་མ་འགྱོ་བར་ རང་སྡོད་སར་ སྡོད་ནི་དང་ རང་གིས་རང བདག་འཛིན་འཐབ་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
དེ་མ་ཚད་ ནད་རྟགས་འཐོན་པ་ཅིན་ སྙན་ཞུ་འབད་ནི་དང་ སྨན་ཁང་ནང་སོང་སྟེ་ བརྟག་ཞིབ་འབད་ནི་ཚུ་ མི་སེར་རང་རྐྱང་གི་ འགན་ཁུར་ཨིན་ཟེར་ཨིན་པས།
དེ་སྦེ་འབད་ཚུགས་པ་ཅིན་ རང་ལུ་ ནད་འབུབ་འཐོབ་ནི་ལས་ བཀག་ཚུགས་ནི་དང་ ག་དེམ་ཅིག་སྦེ་འཐོབ་རུང་ དུས་ཚོད་ཁར་ གསོ་བའི་བར་འབྲེལ་འཐབ་ཚུགས་ནི་གིས་མ་ཚད་ རང་དང་ རང་གི་མི་སྡེ་ལུ་ གནོད་པ་ཆུང་ཟེར་ གསོ་བའི་བློན་པོ་གིས་བཤད་ཅི།
དེ་དང་འཁྲིལ་ ད་ལྟོ་ གཏན་འཁེལ་མེད་པའི་ སྨན་ཁབ་ལུ་བློ་གཏད་དེ་ སྣང་མེད་སྦེ་སྡོད་ནི་ཨིན་ན་དང་ ཡང་ཅིན་ ནད་འབུབ་མ་འཐོབ་གོང་ལས་ བཀག་ཐབས་འབད་ནི་ཨིན་ན་འདི་ མི་སེར་རང་རྐྱང་གི་ གདམ་ཁ་ཨིན་ཟེར་ཨིན་པས།
རང་ལུ་ འབད་དགོཔ་ག་ཅི་ཨིན་ན་དང་ འབད་མ་དགོཔ་ག་ཅི་ཨིན་ན་ བཀོད་བྱ་བྱིན་མི་མ་དགོ་པར་ རང་གི་འགན་ཁུར་ཨིནམ་ཤེས་ཏེ་ ལཱ་འབད་བ་ཅིན་ འབྲུག་གཞུང་ལུ་ ཕྱག་ཞུཝ་ཟེར་རུང་ དེ་ར་ཨིན་ཟེར་ བློན་པོ་གིས་ གསུངམ་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སྐྱེ་ལྡན་ཕྲ་འབུབ་མཁས་མཆོག་ ཌོག་ཊར་མཚོ་སྐྱིད་ཀྱིས་ སླབ་མིའི་ནང་ འབྲུག་གིས་ ནད་འབུབ་ཀྱི་ སྨན་གྱི་དོན་ལུ་ འཛམ་གླིང་རྒྱལ་ཁབ་ གཞན་ཚུ་བཟུམ་སྦེ་ འཛམ་གླིང་གསོ་བའི་ལས་ཚོགས་དང་ གཞན་མི་སྨན་བཀྲམ་སྤེལ་བ་ཚུ་ལས་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ད་ལྟོ་ཚུན་ བློ་བདེ་ཤོས་འབད་མི་ རྒྱ་ནག་ལས་ སྨན་ཁག་༢ དང་ དེ་ལས་ ཨོགསི་ཕཱོཌ་གི་སྨན་དེ་ཚུ་ ཨིན་མས་ཟེར་ཨིནམ་ད་ གཞན་ཡང་ རྒྱ་གར་དང་ ཨི་ཊ་ལི་ དེ་ལས་ ཡུ་ཀེ་ཚུ་ནང་ཡང་ ནད་བཀག་སྨན་ཚུ་ཡོད་པའི་ ལོ་རྒྱུས་འདུག་ཟེར་ཨིན་པས།
དེ་བཟུམ་སྦེ་ གཞན་ཡང་ དོ་འགྲན་འབད་མི་སྨན་རིགས་ ལེ་ཤ་བཟོ་དོ་ཡོདཔ་ཨིན་རུང་ ད་ལྟོ་ སྨན་ག་གིས་ ངེས་ཏིག་ཕན་ཐོགས་ཚུགས་ག་ སླབ་མི་ཤེས་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

 

About admin

Check Also

འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་གོ་སྐབས་ཚུ་ འདྲ་མཉམ་ཐོབ་སྟེ་ཡོདཔ།

༉ འདས་པའི་ལོ་ངོ་༧༥ འི་རིང་ བཟའ་ཚང་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་དང་ འཐབ་འཛིང་ དེ་ལས་ དཀའ་ངལ་ཚུ་ནང་ལས་ བཏོན་ཚུགས་ཡོདཔ་མ་ཚད་ ས་གནས་ཀྱི་ཆགས་ཚུལ་དང་ རྒྱལ་ཁབ་ཀྱི་ཆེ་ཆུང་གི་ཁྱད་པར་ ག་དེ་སྦེ་ར་ཡོད་རུང་ འཛམ་གླིང་གི་ འཐུས་མི་ཅིག་ཨིན་མི་དང་འཁྲིལ་ འབྲུག་གིས་ …

Leave a Reply

Your email address will not be published. Required fields are marked *