ཀོ་བིཌ་-༡༩ ལུ་བརྟེན་ ཉེན་བཅོལ་ལས་སྡེ་ ལེགས་བསྒྱུར་གྱི་ བྱ་རིམ་ལུ་བར་ཆད།

༉ རྒྱལ་ཁབ་ནང་ ཉེན་བཅོལ་ལས་སྡེ་ རྙིང་ཤོས་ཅིག་ཨིན་མི་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་གྱིས་ སྤྱི་ལོ་༢༠༡༨ ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ཡོདཔ་ལས་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་མ་ཚུགས་པས།
ལས་འཛིན་གྱིས་ ལས་དོན་གཞན་ཚུ་ ལེགས་བསྒྱུར་རྒྱ་ཆེཝ་སྦེ་ར་ འབད་ཡོད་རུང་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ སྐྱིན་ཚབ་ཀྱི་གནད་དོན་དེ་ མགུ་འཐོམ་སི་སི་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
ལས་འཛིན་གྱིས་འབད་བ་ཅིན་ ཧེ་མའི་ གནས་སྟངས་ནང་་ལྷོད་མ་ཚུགས་རུང་ ལོ་བསྟར་དངུལ་འབྲེལ་རྩིས་ཐོ་ཚུ་ གྲ་སྒྲིག་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ སྤྱི་ལོ་༢༠༡༨ ལུ་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱིན་ཚབ་མ་བཏབ་མི་ལུ་བརྟེན་ དངུལ་ཀྲམ་ཐེར་འབུམ་༡.༢ དེ་ཅིག་ གྱོང་རྒུད་ཕོག་ནུག།
ལས་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་ ཀརྨ་གིས་ ལས་འཛིན་ལུ་ གྱོང་རྒུད་སྦོམ་སྦེ་ར་ ཕོག་མི་ལུ་བརྟེན་ ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་མ་ཚུགས་ཟེར་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ གྲུབ་འབྲས་ལེགས་ཤོམ་ མ་ཐོན་མི་དེ་ སྐྱིན་འགྲུལ་སྐྱེད་ཀྱི་ ཟད་འགྲོ་ལུ་བརྟེན་ཨིནམ་ད་ བཀོད་ཁྱབ་གཙོ་འཛིན་གྱིས་འབད་བ་ཅིན་ ལས་འཛིན་གྱི་ ལས་འབྲེལ་ལེགས་བསྒྱུར་ འགོ་བཙུགས་མི་དེ་གིས་ ཉེར་མཁོ་མིན་པའི་ ཅ་ཆས་ཚུ་ལུ་ ཟད་འགྲོ་མར་ཕབ་ཐོག་ དངུལ་ཀྲམ་ས་ཡ་༡༠༠ དེ་ཅིག་ གསོག་འཇོག་འབད་ཚུགས་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ན་ཧིང་ ཉེན་བཅོལ་ནང་ གྲུབ་འབྲས་ལེགས་ཤོམ་ཐོན་ཏེ་ འོང་འབབ་དངུལ་ཀྲམ་ས་ཡ་༦༠༠ དེ་ཅིག་ བཟོ་ཡོད་རུང་ སྐྱིན་ཚབ་བཏབ་མ་ཚུགས་པའི་ གདོང་ལེན་བྱུང་པའི་མཐའ་མར་ ནད་ཡམས་དེ་གིས་ ལྷག་པར་དུ་ བར་ཆད་རྐྱབ་ཅི་ཟེར་ཨིན་པས།
འབྲུག་རྒྱལ་ཉེན་བཅོལ་ལས་འཛིན་དེ་ ལེགས་བསྒྱུར་འབད་ནི་ལུ་ དུས་ཚོད་འགོར་ནི་ཨིནམ་ད་ ཤུལ་མའི་ལོ་༥ གི་ནང་འཁོད་ལུ་ ལས་འཛིན་དེ་ རྒྱལ་ཁབ་ནང་ འོང་འབབ་ཆེ་དྲགས་དང་ ཁྱད་རིག་ཅན་གྱི་ དངུལ་འབྲེལ་གཙུག་སྡེ་ཅིག་སྦེ་ འགྱུར་ནི་གི་ འོས་འབབ་སྦོམ་ཡོད་ཟེར་ ཀརྨ་གིས་ བཤདཔ་ཨིན་པས།
ལོ་ངོ་༤༤ ལང་མི་ ལས་འཛིན་གྱིས་ ཚོང་མགྲོན་པ་ཚུ་ལུ་ སྐྱིན་འགྲུལ་དང་ སྔོན་བྱིན་སྤྲོད་མི་ལུ་བརྟེན་ གྱོང་རྒུད་ཕོག་ཡོདཔ་ད་ ན་ཧིང་ ལོ་མཇུགཝ་ད་ དངུལ་ཀྲམ་ཐེར་འབུམ་༡༨.༩༧ ལུ་ ཡར་སེང་སོང་ཡོད་རུང་ སྐྱིན་ཚབ་བཏབ་མ་ཚུགས་མི་ བརྒྱ་ཆ་༥༠ ལྷགཔ་ཅིག་ཡོདཔ་ཨིན་པས།
སྐྱིན་འགྲུལ་གཞན་གྱི་ དཀའ་ངལ་ཚུ་ བསལ་ཡོད་ཡོད་རུང་ སྐྱིན་ཚབ་མ་བཏབ་མི་ བྱ་རིམ་ནང་ འཐུས་ཤོར་བྱུང་སྟེ་ཡོདཔ་ད་ ལས་དོན་ལེགས་བསྒྱུར་ འགོ་འདྲེན་འཐབ་མིའི་ནང་ ལས་སྡེ་གོང་འཕེལ་ལས་སྣ་དང་ ལས་བྱེདཔ་གནས་སོར་ དེ་ལས་ དགོས་མཁོ་མེད་པའི་ ཡན་ལག་ཡིག་ཚང་ཚུ་ མེདཔ་བཟོ་དོ་ཡོདཔ་ཨིན་པས།
ལས་འཛིན་གྱིས་ ཡན་ལག་ཡིག་ཚང་༥ སྒོ་བསྡམས་ཏེ་འབད་རུང་ ས་གོ་དེ་ ཚོང་འབྲེལ་གྱི་དོན་ལུ་ ལག་ལེན་འཐབ་དོ་ཡོདཔ་ད་ ལས་སྡེའི་འགན་ཁྲི་དང་ ཉེན་ཁ་འཛིན་སྐྱོང་ལམ་ལུགས་ ལེགས་བསྒྱུར་འབད་ནི་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ཨིན་པསས།
ལས་འཛིན་དེ་ དངུལ་འབྲེལ་ཁང་ཚུ་དང་ཕྱདཔ་ད་ མགུ་འཐོམ་སི་སི་ཡོད་མི་དེ་ཡང་ ཉེན་བཅོལ་གྱི་རིགས་ ག་ར་འབད་མི་ལུ་བརྟེན་ཨིནམ་ད་ རྒྱལ་ཁབ་གཞན་ཁར་འབད་བ་ཅིན་ ཉེན་བཅོལ་ལས་སྡེ་ཚུ་གིས་ ཉེན་བཅོལ་གྱི་ཞབས་ཏོག་ ལེ་ཤ་བྱིན་ནི་མེད་ཟེར་ བཀོད་ཁྱབ་གཙོ་འཛིན་གྱིས་ བཤདཔ་ཨིན་པས།
ཀརྨ་གིས་ སླབ་མིའི་ནང་ ལས་འཛིན་གྱིས་ ལོ་བསྟར་བཞིན་དུ་ ཚེ་སྲོག་ཉེན་བཅོལ་དངུལ་ཀྲམ་ཐེར་འབུམ་༡.༥ དེ་རེ་ ཐོབ་དོ་ཡོདཔ་ལས་ ཀོ་བིཌ་-༡༩ གིས་ གནོད་པ་དེ་ཅིག་ར་ བཀལ་མི་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ ཉེན་བཅོལ་ཚོང་འབྲེལ་གྱི་ ཟད་འགྲོ་བརྒྱ་ཆ་༡༢.༤༧ དེ་ཅིག་ ཡར་སེང་སོང་སྟེ་ཡོད་རུང་ དངུལ་འབྲེལ་གྱི་ གྲུབ་འབྲས་མར་བབས་སོང་མི་དེ་ སྐྱིན་འགྲུལ་དང་ སྔོན་སྤྲོད་ཡར་སེང་སོང་མི་ལུ་བརྟེན་ཨིན་པས།
ལས་སྡེ་བསྐྱར་གསོ་དང་ ལེགས་བསྒྱུར་བྱ་རིམ་དང་འཁྲིལཝ་ད་ ལས་འཛིན་གྱིས་ ཡོངས་འབྲེལ་ཌི་ཇི་ཊཱལ་གྱི་ ཞབས་ཏོག་བྱིན་ནི་ལུ་ གཙོ་རིམ་བཟུང་ནི་དང་ མི་སེར་ཚུ་ལུ་ ཞབས་ཏོག་ཚུ་ ཡོངས་འབྲེལ་ཐོག་ལུ་ སྤྱོད་ཚུགསཔ་བཟོ་ནི་ཨིན་ཟེར་ ཀརྨ་གིས་ བཤདཔ་ཨིན་པས།
ལས་འཛིན་གྱིས་ ལས་བྱེདཔ་ཚུ་ལུ་ ཉེན་བཅོལ་དང་ གོང་འཕེལ་ལས་རིམ་གྱི་ རིག་རྩལ་གཞན་ཚུ་ནང་ སྦྱོང་བརྡར་བྱིན་དོ་ཡོདཔ་ད་ གཞུང་དབང་ལས་སྡེ་ཅིག་ཨིན་མི་ ལས་འཛིན་དེ་ བགོ་བཤའ་བརྒྱ་ཆ་༦༡ མི་མང་དང་སྒེར་ བརྒྱ་ཆ་༡༨ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་གིས་ འཆང་སྟེ་ཡོད་པའི་ཁར་ བརྒྱ་ཆ་༢༡ མི་དབང་ཕན་བདེ་དངུལ་ཁང་གིས་ བདག་བཟུང་འབད་དེ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *