ཀོ་བིཌ་-༡༩ གི་གདོང་ལེན་ལུ་ མཉམ་འབྲེལ་དགོ་པའི་ཞུ་བསྐུལ།

གསར་སྤང་ལུ་ ཕྱི་མི་ནང་འཛུལ་གྱི་ སྡོང་ཟླ་འབད་མི་༢ ལུ་བཙོན་ཁྲིམས་བཀལ་ནུག།

༉ གཞུང་དང་གསོ་བ་ལྷན་ཁག་གིས་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ནང་འདྲེན་འབད་ནི་དང་ ཁྱབ་སྤེལ་གྱི་ གནོད་ཉེན་མར་ཕབ་འབད་ཐབས་ལུ་ སྔོན་འགོག་གི་ ཐབས་ལམ་ཚུ་ ལག་ལེན་འཐབ་སྟེ་ཡོདཔ་མ་ཚད་ མི་མང་ལུ་ སྒྲིག་གཞི་ཚུ་ལུ་ གནས་དགོ་པའི་ དྲན་བསྐུལ་དང་ ཁྱབ་བསྒྲགས་ཚུ་ འབད་བཞིན་དུ་ཡོད་རུང་ ཁྲིམས་འགལ་འབད་མི་ཡང་ མང་སུ་ཐོནམ་ཨིན་པས།
དེ་ཡང་ འདས་པའི་ཉིནམ་དག་པ་ཅིག་གི་ ནང་འཁོད་ལུ་ ཕུན་ཚོགས་གླིང་ ཀོ་བིཌ་-༡༩ གདོང་ལེན་ལས་བྱེད་ཚོགས་ཆུང་གིས་ གནས་ཚུལ་གསར་བཏོན་གཅིག་ཤུལ་གཉིས་ཤུལ་འབད་མི་ཚུ་ལས་ གསལ་སྟོན་འབདཝ་ཨིན་པས།
ཁ་ཙ་ཡང་ ཕུན་ཚོགས་གླིང་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ གསར་སྤང་རྫོང་ཁག་ཁྲིམས་འདུན་གྱིས་ ཕོ་སྐྱེས་༢ ལུ་ རྒྱལ་སྤྱི་ས་མཚམས་ཚུ་ལས་ ཚུལ་མིན་སྒོ་ལས་ ཕྱི་མི་ནང་སྐྱོད་འབད་བའི་ རྒྱབ་སྐྱོར་དང་ ཆ་རོགས་འབད་བའི་ བཙོན་ཁྲིམས་ལོ་ངོ་༢ ལས་ ལོ་ཕྱེད་དང་༥ ཚུན་བཀལ་ནུག།
སྤྱི་ཟླ་༧ པའི་ཚེས་༦ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ རྒྱལ་མཚན་ཟེར་མི་གིས་ སྤྱི་ཟླ་༦ པའི་ཚེས་༣ ལུ་ ས་མཚམས་ཕྱི་ཁ་ལས་ ཨམ་སྲུ་ཅིག་ ཚུལ་མིན་ཐོག་ ས་གནས་ཤ་ཝ་ལེ་ཟེར་སར་ ནང་སྐྱོད་འབད་ནི་ལུ་ སྡོང་ཟླ་དང་ རྒྱུད་བསྐུལ་འབད་བའི་ ཉེས་པ་ལུ་བརྟེན་ ཁོ་ལུ་ བཙོན་ཁྲིམས་ལོ་༤ དང་ཟླཝ་༦ བཀལ་ཡོདཔ་ཨིན་པས།
དེ་ལས་ གླ་འཁོར་དེད་གཡོགཔ་ དཱན་བྷ་དུར་ག་ལས་ཀྱིས་ ཉིནམ་དེ་ནང་ར་ གནང་བ་མེད་པའི་ མི་ངོམ་ཨམ་སྲུ་དེ་ ཤ་ཝ་ལེ་ལས་ དགེ་ལེགས་ཕུག་ཁྲོམ་ཚུན་ སྐྱེལ་འདྲེན་འབད་བའི་བཙོན་ཁྲིམས་ ལོ་༢ དང་ཟླཝ་༣ ཕོག་ནུག།
མ་གཞི་ ཨམ་སྲུ་དེ་ དེ་ཚེ་ཉིན་མ་ར་ འབྲེལ་ཡོད་དབང་འཛིན་ཚུ་གིས་ མོ་རའི་བཟའ་ཚང་ལུ་ རྩིས་སྤྲོད་ཡོད་རུང་ ཕོ་སྐྱེས་༢ ཟུར་བཞག་ནད་བརྟག་ཁང་ནང་ བཞག་ཡོདཔ་ད་ ཟུར་བཞག་གི་ དུས་ཡུན་ཚང་པའི་ཤུལ་ལས་ ཁོང་༢ ལུ་ ཉེས་འཛུགས་འབད་དེ་ རྫོང་ཁག་ཁྲིམས་ཀྱི་འདུན་སར་ ཉེས་བཤེར་འབད་ཡོདཔ་ཨིན་པས།
སྤྱི་ཟླ་༧ པའི་ཚེས་༡༠ ལུ་ཡང་ ཕུན་ཚོགས་གླིང་དྲུང་ཁག་ཁྲིམས་འདུན་གྱིས་ བཟོ་སྐྲུན་ནང་ ལྟ་རྟོག་འབད་མི་ ཨྱོན་དབང་ཕྱུག་ཟེར་མི་གིས་ རྒྱལ་སྤྱི་ས་མཚམས་ལས་ རྒྱལ་ཁབ་ནང་ ཡིག་ཆ་ག་ནི་ཡང་མེད་པར་ ཚུལ་མིན་གྱི་སྒོ་ལས་ འཛུལ་ཞུགས་འབད་མི་ ཕྱིའི་ལས་མི་༣ ལུ་ ཆ་རོགས་དང་ རྒྱབ་སྐྱོར་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༥ དེ་ཅིག་བཀལ་ནུག།
དེ་ཡང་ ཕྱི་མི་ནང་སྐྱོད་ལས་ཁུངས་ལས་ ཡིག་ཆ་མེད་པར་ རྒྱལ་ཁབ་ནང་ འཛུལ་ཞུགས་འབད་མི་ ཕྱིའི་ལས་མི་ཚུ་ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ ཕུན་ཚོགས་གླིང་གི་ས་གནས་ པད་དཀར་ཞིང་ལུ་ སྒེར་གྱི་བཟོ་སྐྲུན་ཅིག་ནང་ ལྟ་རྟོག་པ་ ཨྱོན་དབང་ཕྱུག་གིས་ ཕྱིའི་ལས་མི་ཚུ་དང་ མགུ་མཐུད་དེ་ བྱ་ངན་འབད་ཡོད་པའི་ མངོན་གསལ་བྱུང་ཡོདཔ་ཨིན་པས།
ལས་བྱེད་ཚོགས་ཆུང་གིས་ སྤྱིར་བཏང་མི་མང་ལུ་ ཞུ་བསྐུལ་འབད་མིའི་ནང་ རྒྱལ་ཡོངས་ཀྱིས་ འབྲུག་རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ནང་འདྲེན་དང་ འབུ་ཉེན་བཀག་ཐབས་ལུ་ ག་དེ་དྲག་དྲག་ བརྩོན་ཤུགས་བསྐྱེད་པའི་ ནམ་དུས་ལུ་ རང་དོན་དང་ འཕྲལ་གྱི་ཁེ་ཕན་ཚུ་ལུ་བལྟ་སྟེ་ ཁྲིམས་འགལ་དང་ བྱ་ངན་འབད་ནི་ཚུ་ འཛེམ་གནང་ཟེར་ཨིན་པས།
ཕྱི་མི་ཕྱི་སྐྱོད་ཀྱི་གདོང་ལེན།
སྤྱི་ཟླ་༧ པའི་ཚེས་༧ གྱི་དྲོ་པའི་ཆུ་ཚོད་༧ དེ་ཅིག་ཁར་ ཕྱིའི་ལས་མི་༢༥ རྒྱལ་སྤྱི་ས་མཚམས་བརྒལ་ཏེ་ རྒྱ་གར་ལུ་ འགྱོ་ནི་གི་ དཔའ་བཅམ་པའི་སྐབས་ ཕུན་ཚོགས་གླིང་གི་ ས་མཚམས་ལྟ་རྟོག་པ་ཚུ་གིས་ བདའ་ཟུནམ་དང་འབྲེལ་ དེད་གཡོགཔ་༣ འཛིན་བཟུང་འབད་དེ་ ཉིན་གྲངས་༤ གི་རྒྱབ་ལས་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་༡ དང་ ཕྱིའི་ལས་མི་ཅིག་ འཛིན་བཟུང་འབད་ནུག།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༡ གི་དྲོ་པའི་ཆུ་ཚོད་༤.༡༥ དེ་ཅིག་ཁར་ ཁྲིམས་སྲུང་འགག་པ་དང་ ཕྱི་མི་ནང་སྐྱོད་འགོ་དཔོན་ཚུ་གིས་ ཆུ་ཁ་ཞིབ་དཔྱད་སྒོ་ར་ལུ་ སྣུམ་འཁོར་ཊཱག་༡ ནང་ ཁྲིམས་འགལ་ཐོག་ ཕྱི་མི་༡ ཅིག་འབག་སྟེ་ཡོདཔ་ བདའ་ཟུན་ཡོདཔ་ཨིན་པས།
ཕྱི་མི་དེ་ ཕྱི་མི་ནང་སྐྱོད་ལས་ཁུངས་ཀྱི་ བྱ་སྒོའི་རིམ་པ་དང་མ་འཁྲིལ་བའི་ཁར་ གནང་བ་མེད་པར་ རྒྱལ་ཁབ་ནང་ལས་ ལོག་འགྱོ་ནི་སྦེ་ ཕུན་ཚོགས་གླིང་ཁ་ཐུག་ལུ་ འགྱོ་བའི་བསྒང་ཨིན་པས།
ཕུན་ཚོགས་གླིང་ཀོ་བིཌ་-༡༩ གདོང་ལེན་ཚོགས་ཆུང་གི་ གནས་ཚུལ་གསར་བཏོན་ནང་ མོང་སྒར་ལྕགས་སི་མཁར་ལས་ཨིན་མི་ ཊཱག་གི་དེད་གཡོགཔ་ འཇིགས་མེད་ཀྱིས་ ཕྱི་མི་ནང་སྐྱོད་ཞིབ་དཔྱོདཔ་ཚུ་ལུ་ འགོ་ཐོག་སྐབས་ མལ་ཆ་སྤུར་ཏེ་ཡོད་མི་ ལམ་འགྲུལཔ་༼ཕྱི་མི༽ དེ་ ཁོ་རའི་ཨ་པ་ནདཔ་ཨིནམ་སྦེ་ སླབ་ནུག་ཟེར་ཨིན་པས།
དེ་འབདཝ་ད་ སྒྲིག་གཡོག་ནང་ཡོད་མི་ འགོ་དཔོན་དེ་གིས་ མལ་ཆུ་བཤུབ་བལྟ་བའི་སྐབས་ ཁོ་རའི་ཨ་པ་མེན་པར་ ཕྱི་མི་ཨིན་པའི་ མངོན་གསལ་བྱུངམ་ལས་ དེད་གཡོགཔ་གིས་ ཤོབ་སླབ་ནུག་ཟེར་ཨིན་པས།
ཁྲིམས་འགལ་ཐོག་ སྐྱེལ་འདྲེན་འབད་མི་ ཕྱི་མི་དེ་ མོང་སྒར་ལས་ ཊཱག་དེ་ནང་ར་ འོང་ནུག་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
སྐྱེལ་འདྲེན་པ་གིས་ རང་དོན་ལུ་བལྟ་སྟེ་ བྱ་ངན་འདི་བཟུམ་འབད་མི་དེ་ སེམས་ཕམ་པའི་ གཞི་གནད་ཅིག་ཨིན་མས་ཟེར་ བཀོད་པའི་ཁར་ དེ་ཡང་ འབྲེལ་ཡོད་ཁྲིམས་བསྟར་སྤྱོད་འབད་མི་ དབང་འཛིན་ཚུ་གིས་ གནད་དོན་དེ་ལུ་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོདཔ་བཞིན་དུ་ ཁྲིམས་འགལ་འབད་མི་ལུ་ ཁྲིམས་ལུགས་དང་འཁྲིལ་ ཉེས་བཤེར་འབད་འོང་ཟེར་བཀོད་ནུག།
གནས་ཚུལ་གསར་བཏོན་ནང་ ལཱ་གཡོག་བྱིན་མི་ ག་ར་གིས་ དྲན་པ་ཐེབས་བཏོན་གོཔ་མ་ཚད་ རང་སོའི་འོག་ལུ་ ལཱ་འབད་མི་ ཕྱི་མི་ཚུ་ བྱ་སྒོའི་རིམ་པ་ཚུ་ མཇུག་མ་བསྡུ་བར་ རང་སོའི་ཁྱིམ་ནང་ གཏང་ནི་དང་ ཡང་ཅིན་ བྱོག་འགྱོ་ནི་མེདཔ་ བཟོ་དགོ་ཟེར་ བཀོད་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

 

About admin

Check Also

རྒེད་འོག་བསྡབ་ནིའི་ གྲོས་འཆར་ལུ་ རྒཔོ་ཚུ་ སེམས་དང་མ་ལྡན་པར་ཡོདཔ།

༉ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ རྒེད་འོག་༥༧ དེ་ཅིག་ རྒེད་འོག་གཞན་ཚུ་དང་བསྡབ་ནིའི་ གྲོས་འཆར་བཀོད་མི་དེ་ལུ་ དབང་འདུས་ཕོ་བྲང་རྫོང་ཁག་གི་ རྒཔོ་ཚུ་ལས་ ངོས་ལེན་ལེགས་ཤོམ་མེདཔ་ཨིན་པས། དེ་ཡང་ ས་གནས་གཞུང་སྐྱོང་ལས་ཁུངས་ལས་ རྒྱལ་ཁབ་ནང་ རྒེད་འོག་བསྡོམས་༢༠༥ ཡོད་མི་ལས་ …

Leave a Reply

Your email address will not be published. Required fields are marked *