ཁ་ཙ་ ཡང་གཉེར་དར་ལི་ཕང་མ་ལུ་ སོ་ནམ་པ་ཚུ་གིས་ ཀེ་བ་བརྐོ་བའི་ཤུལ་ལས་ ཕད་ཙེ་ཚུ་ནང་འདེགས་ཏེ་ འཁོར་ལམ་གྱི་རྩ་བར་ འབག་བསྐྱལ་བའི་བསྒང་།

ཀེ་བའི་ཐོན་སྐྱེད་ མར་བབས་སོངམ་ལས་ སོ་ནམ་པ་ཚུ་ སྤྱགས་སྡུག་འཐབ་ཡོདཔ། 

༉ ད་རེས་ནངས་པར་ བཀྲིས་སྒང་ཡང་གཉེར་རྒེད་འོག་ནང་ སོ་ནམ་པ་ཚུ་ ཀེ་བ་བརྐོ་བའི་བསྒང་ཡོད་རུང་ ཐོན་ཤུགས་ཚུ་ལུ་བལྟ་སྟེ་ སེམས་ཕམ་བྱུང་སྟེ་འདུག། 
ཀེ་བ་དེ་ རྒེད་འོག་དེ་ནང་ སྤྱི་འོག་༥ ཡོད་མི་ལས་ དར་ལི་ཕང་མ་དང་ ཤོ་བཀང་ དར་སྦྱིས་གླིང་སྤྱི་འོག་གསུམ་ནང་ དངུལ་ཐོག་གཙོ་བོ་ཅིག་ཨིནམ་ད་ ཀེ་བའི་ཐོན་ཤུགས་དེ་ཡང་ སོ་ནམ་ཚུ་གིས་ ཀེ་བ་སྒམ་རྐྱབ་པའི་སྐབས་ ན་ཧིང་དང་ཕྱདཔ་ད་མར་བབས་སོང་ཡོདཔ་ ཤེས་རྟོགས་བྱུང་ནུག།
ཀེ་བ་མང་ཤོས་ར་ དར་ལི་ཕང་མ་སྤྱི་འོག་གི་ མི་སེར་ཚུ་གིས་ འཛུགས་སྐྱོང་འབད་དོ་ཡོདཔ་ད་ ས་གནས་ཀྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ ན་ཧིང་ལས་ ལོག་ལྟབ་ཀྱིས་ མརབབས་སོང་ནུག་ཟེར་ཨིན་པས།
སོ་ནམ་པ་ ཨོ་རྒྱན་ལྷ་མོ་གིས་ སླབ་མིའི་ནང་ མོ་རའི་ཀེ་བ་ཞིང་ལས་ ན་ཧིང་ཀེ་བ་ ཕད་ཙེ་༥༠ ལྷགཔ་ཅིག་ ཐོན་ཡོད་རུང་ དུས་ཅི་ ཕད་ཙེ་༣༠ ཡང་ གང་མ་ཚུགས་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ན་ཧིང་ ཀེ་བ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༧༠,༠༠༠ ལྷགཔ་ཅིག་ ཐོབ་ཡོད་རུང་ ད་རེས་ དངུལ་ཀྲམ་༣༠,༠༠༠ དེ་ཅིག་ཡང་ འཐོབ་ཚུགས་པར་ ལཱ་ཁག་གཏང་ནི་མས་ཟེར་ཨིན་པས།
ད་རུང་ སོ་ནམ་པ་ སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ན་ཧིང་དང་ཕྱདཔ་ད་ ཀེ་བའི་ཐོན་ཤུགས་ དཔྱ་བགོ་༢ དེ་ཅིག་ མར་བབས་སོང་ནུག་ཟེར་ཨིནམ་ད་ མི་སེར་ཚུ་ཀེ་བ་ལུ་བརྟེན་ རང་མགོ་རང་འདྲོངས་སྦེ་ སྡོད་མི་ཅིག་ཨིན་རུང་ ཐོན་སྐྱེད་མར་བབས་སོང་མི་དེ་གིས་ རང་ལྡང་ལུ་ ཐོ་ཕོག་ནི་མས་ཟེར་ཨིན་པས།
ན་ཧིང་ ཀེ་བ་ལས་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ ལྷགཔ་ཅིག་བཟོ་མི་ སྐྱེས་ལོ་༦༠ ལང་མི་ ཕུན་ཚོགས་ཀྱིས་ སླབ་མིའི་ནང་ དུས་ཅི་ ཀེ་བའི་ཐོན་སྐྱེད་ག་ཅི་སྦེ་ མརབབས་སོང་ཡོདཔ་ཨིན་ན་ སླབ་མི་ཤེས་དོ་ཡོདཔ་ལས་ གཞུང་ལས་ ཞིབ་འཚོལ་འབད་དགོཔ་ཅིག་འདུག་ཟེར་ཨིན་པས། 
མི་སེར་ཚུ་གིས་འབད་བ་ཅིན་ ད་ལྟོ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ དུས་ཚོད་ཨིན་རུང་ གནམ་གཤིས་གནས་སྟངས་ ལེགས་ཤོམ་མེདཔ་ལས་ ཚོང་འབྲེལ་འཐབ་མ་ཚུགས་པར་ཡོད་ཟེར་ཨིནམ་ད་ ཀེ་བ་ཚུ་ཡང་ སོ་ནམ་ཚུ་ སྡེ་ཚན་བཟོ་ཐོག་ལས་ བསམ་གྲུབ་ལྗོངས་མཁར་ལུ་བཙོང་པར་ འབག་དོ་ཡོདཔ་ཨིན་པས། 
སོ་ནམ་པ་ ཆོས་སྐྱོང་གིས་ སླབ་མིའི་ནང་ ཀེ་བའི་སོན་དེ་ ལོ་༥ གི་རྒྱབ་ལས་  སོར་བཙུགས་དགོཔ་ལས་ ཐོན་སྐྱེད་ལེགས་ཤོམ་འོང་ནིའི་དོན་ལུ་ སོན་སོར་ནི་ རན་ནུག་ཟེར་ཨིན་པས།
སྐྱེས་ལོ་༧༢ ལང་མི་ སངས་རྒྱས་དཔལ་འབྱོར་གྱིས་ སླབ་མིའི་ནང་ སྤྱི་ཟླ་༣ པའི་ནང་ སེརཝ་རྐྱབ་མི་ལུ་བརྟེན་ ཀེ་བའི་ཐོན་སྐྱེད་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས། 
རྡོ་རྗེ་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ ཀེ་བའི་ཐོན་ཤུགས་ལེགས་ཤོམ་མེདཔ་ལས་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་༥ གི་ ཟད་འགྲོ་ག་དེ་སྦེ་ གཏང་ཚུགས་འོང་ག་ཚ་གྱང་ལང་སྟེ་ཡོད་ཟེར་ཨིན་པས།
ཡང་གཉེར་རྒེད་འོག་གི་ འགོ་དཔོན་ཚུ་གིས་ རྒེད་འོག་ནང་ ཁྱིམ་གུང་༣༠༠ ལྷགཔ་ཅིག་གིས་ ཀེ་བ་འཛུགས་སྐྱོང་འབད་དོ་ཟེར་ བཤདཔ་ཨིན་པས།
དམངས་མི་ཚེ་དབང་རྒྱལ་མཚན་གྱིས་ སླབ་མིའི་ནང་ ལོ་བསྟར་བཞིན་དུ་ སྤྱི་འོག་༣ གྱི་ གུང་པ་རེ་གིས་ ཉུང་ཤོས་ཀེ་བ་ཕད་ཙེ་༦༠ དང་ མཐོ་ཤོས་༡༠༠ དང་༢༠༠ བར་ན་ ཕྱིར་ཚོང་འཐབ་ནི་ཡོདཔ་བཞིན་དུ་ འོང་འབབ་ཡང་ ཉུང་ཤོས་དངུལ་ཀྲམ་༣༠,༠༠༠ དང་ མཐོ་ཤོས་དངུལ་ཀྲམ་༣༠༠,༠༠༠ ཚུན་ བཟོ་ནི་ཡོད་ཟེར་ཨིན་པས།
ཕྱིར་ཚོང་འཐབ་ནི་དང་ ཤུལ་ལས་ རྒྱལ་ཁབ་ནང་འཁོད་ལུ་ བཙོང་ནིའི་དོན་ལས་ གཞུང་གིས་ ཁྱེགས་མཛོད་མཐུན་རྐྱེན་རྐྱབ་གནང་པ་ཅིན་ སོ་ནམ་པ་དང་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ ལྷན་ཐབས་འབྱུང་ཚུགས་ནི་མས་ཟེར་ དམངས་མི་གིས་ བཤདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། ཡང་གཉེར།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་གློག་མེ་ལས་འགུལ་གྱི་ ས་དོང་ཊ་ནཱལ་༡ པ་དང་༢ པའི་ཆུ་དུང་མཐུད་སྦྲེལ་འབད་ཡོདཔ་ད་ ས་འོག་གི་ ཆུ་དུང་དེ་ཡང་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ དྲགོས་ཚེ་དབང་རིག་འཛིན་གྱིས་ འཕྲུལ་རྟ་ཨེབ་ཐོག་ལས་ ས་དོང་ཊ་ནཱལ་༢ ཀྱི་བར་ན་ གས་རྫས་ལག་ལེན་འཐབ་སྟེ་ …

Leave a Reply

Your email address will not be published. Required fields are marked *