བསམ་རྩེ་ལུ་ སྐྱེལ་འདྲེན་འབད་ནིའི་དོན་ལས་ ཀེ་བ་རུལ་མི་ཚུ་ སྣུམ་འཁོར་ཊཱག་ནང་ བཀལ་བའི་བསྒང་།

ཀེ་བ་ཕྱིར་ཚོང་ ད་ལྟོའི་བར་ན་ཡང་ འགོ་བཙུགས་མ་ཚུགས་པར་ཡོདཔ།

༉ རྒྱ་གར་གཞུང་གིས་ འབྲུག་ལས་ཕྱིར་ཚོང་འཐབ་མི་ ཀེ་བ་ཚུ་ སྤྱི་ཟླ་༡༠ པའི་ཚེས་༡༦ ལུ་ རྒྱ་གར་གྱི་ ནང་འདྲེན་སྒྲིག་གཞི་ནང་ ཐོ་བཀོད་ཀྱི་ གནང་བ་གྲུབ་ཡོད་རུང་ ཕུན་ཚོགས་གླིང་ལས་ ཀེ་བ་ཕྱིར་ཚོང་འབད་ནི་ འགོ་མ་བཙུགས་པར་ཡོདཔ་ཨིན་པས།

འབྲུག་གི་ཀེ་བ་ཕྱིར་ཚོང་འཐབ་མི་དང་ རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ ཇའི་སྒང་གི་ ནང་འདྲེན་པ་ཚུ་ལུ་ ད་ལྟོའི་བར་ན་ཡང་ སྟབས་མ་བདེཝ་ཡོདཔ་ལས་ ཕུན་ཚོགས་གླིང་ལུ་ ཀེ་བ་ཚུ་ རུལ་དོ་ཡོདཔ་ཨིན་པས།

ཉོ་མི་ལ་ལོ་ཅིག་གིས་ ཀེ་བ་ཆུ་འཁྱུ་དགོཔ་དང་ ལ་ལོ་གིས་ ཀེ་བའི་གུ་ ས་མེདཔ་སྦེ་ བཞག་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།

ཇའི་སྒང་བརྒྱུད་དེ་ རྒྱ་གར་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནི་དེ་ གདོང་ལེན་ཅན་ཅིག་ཡོདཔ་ད་ ཕྱིར་ཚོང་འཐབ་ནི་ལུ་ བདུན་ཕྲག་༡ དེ་ཅིག་ མཚམས་འཇོག་འབད་བའི་ཤུལ་ལས་ སྤྱི་ཟླ་༡༠ པའི་ཚེས་༡༦ ལུ་ རྒྱ་གར་གཞུང་གིས་ དཀའ་ངལ་བསལ་ཡོདཔ་ཨིན་པས།

ཀེ་བ་དང་གཅིག་ཁར་ རྡོག་མ་དང་ ཚལ་ལུ་ ཨེ་པཱལ་ དེ་ལས་ ས་སྒའི་ཐོན་སྐྱེད་ཚུ་ཡང་ རྒྱ་གར་གྱི་ ཕྱིར་ཚོང་ཐོ་ཡིག་ནང་ བཀོད་ཡོདཔ་ཨིན་པས།

ཐིམ་ཕུག་ལུ་ཡོད་མི་ རྒྱ་གར་གཞུང་ཚབ་ཡིག་ཚང་གིས་ ཆ་འཇོག་གི་ གསལ་བསྒྲགས་འབད་ཡོདཔ་ལས་ འབྲུག་གི་སོ་ནམ་པ་སྟོང་ཕྲག་ལེ་ཤ་ཅིག་དང་ རྒྱ་གར་གྱི་ ནང་འདྲེན་པ་ཚུ་གི་དོན་ལུ་ གནས་ཚུལ་ལེགས་ཤོམ་ཅིག་ཨིན་པས།

ཨིན་རུང་ ཕུན་ཚོགས་གླིང་གི་ ཚོང་པ་དང་ ཇའི་སྒང་གི་ ནང་འདྲེན་པ་ཚུ་ལུ་ དཀའ་ངལ་ཐོན་བཞིན་དུ་ཡོདཔ་ད་ ཚོང་པ་སེངྒེ་དབང་འདུས་ཀྱི་ དཀའ་ངལ་གཙོ་བོ་ར་ ཀེ་བ་རུལ་མི་དེ་ཨིན་ཟེར་ བཤད་པའི་ཁར་ ད་ཚུན་གྱི་བར་ན་ ཀེ་བའི་དོ་འབག་མི་ སྣུམ་འཁོར་ཊཱག་དག་པ་ཅིག་ལས་བརྒལ་ སྐྱེལ་འདྲེན་འབད་མ་ཚུགས་པར་ཡོདཔ་ལས་ ཉིན་གྲངས་དག་པ་ཅིག་ནང་ ཁོ་གི་ ཀེ་བ་ཚུ་ མི་རུལ་ག་ཟེར་བའི་ ཚ་གྱང་ལང་སྟེ་ཡོད་ཟེར་ སེངྒེ་དབང་འདུས་ཀྱིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྤྱི་ཟླ་༡༠ པའི་ཚེས་༢༡ ལུ་ བསམ་རྩེ་ལས་ ཀེ་བ་ཕད་ཙེ་༡༣༠ གཏང་ནི་གི་ དཔའ་བཅམ་རུང་ ཕད་ཙེ་༤༠ ལས་བརྒལ་ བཙོང་མ་ཚུགསཔ་ལས་ ཕད་ཙེ་༩༠ ག་ར་ རུལ་སོ་ཡི་ཟེར་ཨིན་པས།

ཕྱིར་ཚོང་འཐབ་མི་གཞན་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཀེ་བའི་ཐོན་སྐྱེད་ཚུ་ ཆུ་དང་ ས་མེདཔ་སྦེ་ དགོ་ཟེར་ཨིནམ་ད་ སྒྲིག་གཞི་དང་འཁྲིལ་ཏེ་ འབྲུག་སོ་ནམ་དང་བཟའ་ཆས་ཁྲིམས་དོན་དབང་འཛིན་གྱི་ ལག་ཁྱེར་ནང་ ཁ་གསལ་ཁ་སྐོང་བཀོད་དགོཔ་སྦེ་ སླབ་དོ་ཡོདཔ་ཨིན་པས།

བསོད་ནམས་སྟོབས་རྒྱས་ལུ་ ཀེ་བ་མི་ཊིག་ཊཱན་༡༠༠ དེ་ཅིག་ཡོདཔ་བཞིན་དུ་ དོ་ཁང་ནང་ཡོད་མི་ ཀེ་བ་ག་ར་ རུལ་དོ་ཡོདཔ་ཨིན་པས།

སོ་ནམ་ཚོང་འབྲེལ་དང་མཉམ་ལས་ཚོགས་སྡེ་ལས་ཁུངས་ཀྱི་ ཚོང་བསྒྲགས་གཙོ་འཛིན་གྱིས་ གནད་དོན་དེའི་སྐོར་ལས་ ག་གིས་ཡང་ མ་ཤེས་པས་ཟེར་ བཤད་པའི་ཁར་ ནང་འདྲེན་པ་སོ་སོ་ལས་ བསམ་ཞིབ་མ་འདྲཝ་ སླབ་མས་ཟེར་ཨིན་པས།

ཁོ་གིས་ ནང་འདྲེན་པ་ལེ་ཤ་དང་ འབྲེལ་བ་འཐབ་པའི་སྐབས་ མང་ཤོས་ཅིག་གིས་ ཀེ་བ་ཕྱིར་ཚོང་འཐབ་མ་ཚུགས་མི་ལུ་ བསམ་འཆར་ལེ་ཤ་སླབ་ནི་འདུག་ཟེར་ཨིནམ་ད་ ཇའི་སྒང་ལུ་ ནང་འདྲེན་པ་ཚུ་གིས་ ནང་འདྲེན་དང་ ཕྱིར་ཚོང་གི་ ཆོག་ཐམ་མེད་པར་ ནང་འདྲེན་འབད་དོ་ཡོདཔ་ལས་ ཅ་དམ་འགོ་དཔོན་ཚུ་གིས་ དམ་འཛིན་འབདཝ་མས་ཟེར་ ཚོང་བསྒྲགས་གཙོ་འཛིན་གྱིས་ བཤདཔ་ཨིན་པས།

ཇའི་སྒང་གི་ ཅ་དམ་འགོ་དཔོན་ཚུ་གིས་ ཆོང་ཟོག་ཐོ་ཡིག་ནང་ ཐོན་སྐྱེད་ཀྱི་ སྤུས་ཚད་དང་ གོང་ཚད་ དེ་ལས་ གྱངས་ཁ་ཚུ་ མར་ཕབ་འབད་དེ་ བཀོད་ཡོདཔ་ལས་ སྟབས་མ་བདེཝ་དང་ ཁྱད་པར་ཚུ་ མཐོང་གསལ་བྱུང་ནུག་ཟེར་ཨིན་པས།

འབྲུག་ལས་ དོ་ཆས་དེ་ཡང་ མི་གིས་ ཟ་བཏུབ་པའི་ ལག་ཁྱེར་དགོཔ་མ་ཚད་ ཇའི་སྒང་དབང་འཛིན་གྱིས་ ད་ལྟོ་ ཐོན་སྐྱེད་ཟུར་བཞག་མཐུན་རྐྱེན་ གཞི་བཙུགས་འབད་མི་ཚུ་ཡང་ མཇུག་མ་བསྡུ་བར་ཡོདཔ་ཨིན་པས།

གལ་སྲིད་ ཀེ་བ་ཚུ་ ཆུ་འཁྱུ་བ་ཅིན་ སྤུས་ཚད་ལུ་ ཐོ་ཕོག་འོང་ཟེར་ འབྲེལ་ཡོད་ཕྱིར་ཚོང་འགོ་དཔོན་ཅིག་གིས་ བཤད་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

གནམ་གཤིས་འགྱུར་བགྲོད་ཀྱིས་ སྐྱེ་ལྡན་རིགས་སྣ་ལུ་གནོད་ཉེན།

༉ རྒྱལ་སྤྱི་འཛམ་གླིང་ནང་ སྐྱེ་ལྡན་རིགས་སྣ་༡༡,༠༠༠ དེ་ཅིག་ཡོད་མི་ལས་ འབྲུག་རྒྱལ་ཁབ་འདི་ སྐྱེ་ལྡན་རིགས་སྣ་གིས་ ཕྱུག་མི་ཅིག་ཨིནམ་ད་ རྒྱལ་ཁབ་ཀྱི་ས་ཁོངས་དང་ སའི་ཆགས་ཚུལ་ སའི་དབྱིབས་དང་འཁྲིལ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱིས་ གང་ཡོདཔ་ཨིན། ཨིན་རུང་ འཛམ་གླིང་གངས་ལྗོངས་ནང་ …

Leave a Reply

Your email address will not be published. Required fields are marked *