མཁར་ཤོང་ཞེས་ངོ་དང་ འོག་མཁར་ཞེས་ངོའི་ འཆམ་རྐྱབ་པའི་བསྒང་།

ཀུར་སྟོད་ལུ་ ཆཱ་ཟེར་མི་ལྷ་གསོལ་ ཉམས་ཉེན་གུ་ ལྷོད་ཡོད་པའི་ཚ་གྱང་།

༉ ལྷུན་རྩེ་ སྨན་སྦིས་རྒེད་འོག་ སྟག་མོ་ཆུ་སྒོར་གཱན་དང་ སྐམ་དར་མོར་མོ་ དེ་ལས་ ཕ་གི་གདུང་སྤྱི་འོག་༣ གྱིས་ མཉམ་རུབ་ཐོག་ལས་ ལོ་བསྟར་བཞིན་དུ་ བརྩི་སྲུང་འབད་སྲོལ་ཡོད་མི་ ཆཱ་ཟེར་སླབ་མི་ ལྷ་གསོལ་དེ་ ལོ་༤ གི་རྒྱབ་ལས་ དུས་ཅི་ ལོག་འགོ་བཙུགས་ཡོདཔ་ད་ ཨིན་རུང་ གཡུས་མི་ལ་ལོ་ཅིག་གིས་ རྒྱབ་སྐྱོར་འབད་མ་བཏུབ་ལས་ ཁྲིམས་ཀྱི་འདུན་སར་ ལྷོད་དེ་འདུག།
སྐམ་དར་སྤྱི་འོག་ལས་ ཕ་བརྒྱུད་བུ་བརྒྱུད་སྦེ་ བྲོ་དཔོན་ཟེར་ ཞབས་ཁྲའི་ཚིག་ སྣ་ཁྲིད་འཐེན་མི་ རྩེ་དཔོནམ་ཨ་རྒས་དེ་ ཚེ་ལས་འདས་པའི་ཤུལ་ལུ་ ཁོ་རའི་ ཨ་ལོ་ཚུ་གིས་ འགན་ཁུར་འབག་མ་བཏུབ་མི་ལུ་བརྟེན་ དུས་ཅི་ གཡུས་སྒོའི་མི་སེར་ཚུ་ སེམས་ཕམ་བྱུང་ནུག།
ཆཱ་གི་སྐབས་ བོ་རོང་མཆོངས་ཟེར་ སླབ་མི་དེ་ ཡུལ་ལྷ་དང་ གནས་བདག་གཞི་བདག་ ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལ་མཆོད་ཕུལཝ་ད་ ཕོ་སྐྱེས་དང་ ཨམ་སྲུ་ཚུ་གིས་ གོ་དང་དཀྱི་ར་ རྡིག་རྡིགམ་ཚུ་གྱོན་ཏེ་ ལྷ་ཁང་དང་ གནས་ཁང་ དེ་ལས་ ཆུ་ལྷ་ཚུ་ མཐའ་བསྐོར་ཏེ་ བསྟོད་བསྔགས་ཀྱི་ གདངས་དབྱངས་འཐེན་ཏེ་ ལེའུ་བསྒྱུར་མི་ཅིག་ལུ་ གོ་ནི་ཨིན་པས།
ལོ་བསྟར་བཞིན་དུ་ རང་ཟླ་༧ པའི་ཚེས་༡༣ ལས་༡༦ ཚུན་ ཉིན་གྲངས་༤ གི་རིང་ གསོལ་མཆོད་ཕུལ་མི་དེ་ཡང་ ཚེས་༡༣ ལུ་ ཕ་གི་གདུང་སྤྱི་འོག་ནང་ ཆུ་རྐ་ཡོད་སར་སོང་སྟེ་ གུ་རུ་རིན་པོ་ཆེ་ སྤྱན་འདྲངས་ཞིནམ་ལས་ གསོལཝ་བཏབ་དོ་ཡོདཔ་ཨིན་པས།
ཉིནམ་༢ པའི་ནང་ སྦལཔ་ཟོར་གཡུས་ཚན་ནང་ ཙན་དན་ཤིང་སྦོམ་ཅིག་གི་རྩ་བར་ མཁར་ཤོང་ཞེས་ངོ་གི་ བྲོ་མཆོངས་རྐྱབ་མི་ཚུ་དང་ འོག་མཁར་ཞེས་ངོ་ལས་ བྲོ་མཆོངས་རྐྱབ་མི་ དེ་ལས་ མི་གཙོ་ཅན་ཚུ་ སྤུངས་འཛོམས་འབད་དེ་ ཆང་ཕུད་གཏོར་ནི་དང་ ཚོགས་དྲང་ནི་ དེ་ལས་ ཚེའི་བྱིན་རླབས་ཚུ་ ཞུ་ཞིནམ་ལས་ ཉིན་ལྟོ་ཟ་དོ་ཡོདཔ་ད་ དེ་གི་ཤུལ་ལས་ ཙན་དན་ཤིང་བསྐོར་ར་རྐྱབ་སྟེ་ བྲོ་མཆོངས་རྐྱབ་ནི་འདུག།
ཉིནམ་༣ པའི་ནང་ སྟག་སྐད་ལ་ གུ་རུའི་སྐུ་མདུན་ལུ་ ལྷ་ཁང་རྙིངམ་ཡོད་སར་འཛོམས་ཏེ་ ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལ་ཁ་ཕུལ་ཞིནམ་ལས་ ནུབ་འཆམ་ཟེར་ མཁར་ཤོང་ཞེས་ངོ་དང་ འོག་མཁར་ཞེས་ངོ་ཟེར་ རྒད་པོ་དང་ རྒན་མོ་༢ ཀྱི་འཆམ་ མི་མང་ལུ་ མཇལ་ཁ་གནངམ་ཨིན་པས།
དེ་བསྒང་ གཡུས་མི་བརྒྱ་ཕྲག་ལས་བཅད་མི་ཚུ་ གཅིག་ཁར་འཛོམས་ཞིནམ་ལས་ སྐྱེས་ལྷ་དང་ ཡུལ་ལྷ་ཚུ་ལུ་ གསེར་སྐྱེམས་དང་ གསོལ་ཁ་ཕུལཝ་མ་ཚད་ སྙན་དར་དང་ སྨོན་ལམ་བཏབ་ཨིན་པས།
ལྷག་པར་དུ་ མཁར་ཤོང་ཞེས་ངོ་ཟེར་ སྐམ་དར་མོར་མོ་སྤྱི་འོག་གི་ ཞེས་ངོ་གི་ མི་བརྒྱུད་བཅས་ བྲོ་མཆོངས་རྐྱབ་མི་ཚུ་ ལྷ་ཁང་ནང་ལས་ ཁ་མར་བལྟ་ འོང་ནི་དང་ འོག་མཁར་ཞེས་ངོ་ཟེར་ སྤྱི་འོག་གཉིས་ཀྱི་ ཞབས་ཁྲ་རྐྱབ་མི་ཚུ་ ཨ་པའི་སྡོད་གནས་ལུ་ ཁ་ཡར་བལྟ་ འགྱོ་བའི་ལམ་ཁར་ འགྲིག་མ་ཚུགས་པར་ འཐབ་འཛིང་འབད་སྲོལ་ཡོད་མི་ཚུ་ ལྟཝ་ཨིན་པས།
ཨིན་རུང་ དུས་ཅི་ སྐམ་དར་སྤྱི་འོག་ལས་ རྩེ་དཔོན་གྱི་ མི་བརྒྱུད་ཚུ་གིས་ བཅའ་མར་གཏོགས་མ་བཏུབ་ལས་ ཨ་རྟག་བཟུམ་སྦེ་ མི་སེར་ཚུ་ཡང་ སྤྲོ་བ་བྱུང་མ་ཚུགསཔ་མ་ཚད་ ལམ་སྲོལ་ཉམས་ཡོད་པའི་ སྣང་བ་ཤར་ནུག།
སྨན་སྦིས་རྒཔོ་ ཚུལ་ཁྲིམས་ལ་གིས་ སླབ་མིའི་ནང་ སྟག་སྐད་ལ་ཚུར་བཅད་ཀྱི་ ལྷ་སྲོལ་ནིའི་ལམ་ལུགས་དེ་ དང་ཕུ་ལས་ཡོདཔ་བཞིན་དུ་ རང་ཟླ་༧ པའི་ཚེས་༧ ལུ་ སྦལཔ་ཟོར་ལུ་ཡོད་པའི་ ལྷ་མིན་དེ་ སྒང་ཟུར་རྒེད་འོག་ བྱང་གཡུས་ཚན་ནང་ ཞུཝ་བཞིན་དུ་ ཉིན་གྲངས་༣ གྱི་རིང་ སྡོད་པའི་ཤུལ་ལས་ ཚེས་༡༢ ལུ་ ལོག་ སྦལཔ་ཟོར་ལུ་ གདན་འདྲེན་ཞུ་དགོ་ཟེར་ཨིན་པས།
ལྷག་པར་དུ་ ལྷ་ཁང་བདག་འཛིན་འཐབ་ནིའི་དོན་ལུ་ བཤད་གྲྭ་ལུ་ རྩིས་སྤྲོད་འབད་བའི་ཤུལ་ལས་ བཤད་གྲྭ་གིས་ ལྷ་གསོལ་འབད་ནི་མེདཔ་སྦེ་ གནང་བ་བྱིན་མ་བཏུབ་ལས་ ལོ་༤ ཚུན་ མཚམས་འཇོག་འབད་བཞག་མི་དེ་ དུས་ཅི་ རྒེད་འོག་དང་ བཤད་གྲྭའི་བར་ན་ གྲོས་བསྟུན་འབད་ཞིནམ་ལས་ ལོག་གཞི་བཙུགས་འབད་མི་དེ་ཡང་ རྒེད་འོག་གིས་ ལམ་སྲོལ་ཉམས་སྲུང་འབད་ནིའི་དོན་ལུ་ཨིན་ཟེར་ རྒཔོ་གིས་ སླབ་ཨིན་པས།

གནས་བདག་གཞི་བདག་ལུ་ ཚོགས་དང་ ཆང་ཕུལ་བའི་ཤུལ་ལས་ དངོས་གྲུབ་ཞུ་བའི་བསྒང་།

རྒེད་འོག་གི་དམངས་མི་ བདེ་སྐྱིད་དཔལ་འཛོམས་ཀྱིས་ སླབ་མིའི་ནང་ ད་རེས་ བྲོ་མཆོངས་རྐྱབ་མི་དང་ རྒད་པོ་དང་རྒན་མོའི་ འཆམ་རྐྱབ་མི་ དེ་ལས་ བྲོ་དཔོན་ཚུ་ཐོན་ཏེ་ ལྷ་གསོལ་འབད་མི་དེ་ མི་རབས་༥ འི་ཧེ་མར་ མཁར་ཤོང་ཞེས་ངོ་ཟེར་ སྐམ་དར་མོར་མོ་སྤྱི་འོག་ནང་ དཔོན་གཅིག་དང་ འོག་མཁར་ཞེས་ངོ་ཟེར་ དཔོན་གཅིག་ཡོདཔ་ལས་ དཔོན་༢ ཀྱི་ས་ཆ་དེ་ ས་མེད་པའི་ མི་སེར་ཚུ་གིས་ བཟའ་སྤྱོད་འབད་སྡོད་ནུག་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ས་ཞིང་བཟའ་སྤྱོད་འབད་མི་ལུ་བརྟེན་ ཁྲལ་བཟུམ་ཅིག་སྦེ་ དཔོན་གྱི་འུར་ལཱ་རྒྱུག་ནི་དང་ ཐོན་སྐྱེད་བགོ་བཤའ་རྐྱབ་ནི་ཚུ་ཨིནམ་ལས་ ཁྲལ་འབག་མི་ མི་སེར་ཚུ་གིས་ ལོ་༡ ནང་ དཔོན་ལུ་ དགའ་ཚོར་ཞུ་ནིའི་དོན་ལུ་ བྲོ་མཆོངས་དང་ ཆཱ་ཟེར་ ཡུལ་ལྷ་གསོལ་ནིའི་ ལམ་སྲོལ་དེ་ བྱུང་ནུག་ཟེར་ཨིན་པས།
ཆཱ་གི་སྐབས་ ཞེས་ངོའི་བརྒྱུད་པ་ཚུ་ ད་རེས་ནངས་པར་ ཁྲི་གུ་བཞུགས་དགོ་པའི་ཁར་ ཐོ་བཀལ་བསྒྲིག་སྟེ་ མར་ཆང་ཕུལ་དགོཔ་ཨིན་པས།
འོག་མཁར་ཞེས་ངོ་ལས་ ཁྲི་གུ་ ཨང་རྒས་ཟླ་བ་མོ་ སྡོད་མི་དེ་ཡང་ མོ་རའི་ཚེ་འདས་རྨགཔ་དེ་ འོག་མཁར་ཞེས་ངོ་གི་ བརྒྱུད་པ་ཨིནམ་ལས་ ཚེ་འདས་ཀྱི་ཚབ་སྦེ་ སྡོད་དོ་ཡོདཔ་ད་ དེ་བསྒང་ སྟག་མོ་ཆུ་དང་ ཕ་གི་གདུང་གི་ས་དེ་ འོག་མཁར་ཞེས་ངོ་གི་ བདག་དབང་ཐོག་ལུ་ ཡོདཔ་ཨིན་པས།
སྟག་མོ་ཆུ་ལས་ སྐྱེས་ལོ་༦༠ ལང་མི་ བླམ་རྡོ་རྗེ་དེ་ འོག་མཁར་ཞེས་ངོ་གི་ ས་བཟའ་སྤྱོད་འབད་ནི་དེ་གིས་ ཁྲལ་རྒྱུག་ཡོདཔ་ད་ ཁོ་གི་མིང་ཐོ་ལུ་ རང་དབང་གི་ཁྲམ་ཐོབ་རུང་ ཁྲལ་པ་ཟེར་ སའི་མིང་ཡོདཔ་ལས་ དང་ཕུ་ ཕ་བརྒྱུད་བུ་བརྒྱུད་ ཁྲལ་རྒྱུག་སྡོད་ནི་དེ་གིས་ ཞེས་ངོ་གི་བརྒྱུད་པ་ཚུ་ལུ་ བཀྲིན་བསམ་ནིའི་ཉིནམ་ ཁྱད་པར་ཅན་ཅིག་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ ས་གནས་ཐདམ་ཐད་ཁ་ལས་ཕར་སྡོད་མི་ བཟའ་ཚང་ཚུ་ཡང་ ལོ་བསྟར་ཆཱ་གི་སྐབས་ སྤུངས་འཛོམས་འབདཝ་བཞིན་དུ་ དུས་ཅི་ཡང་ འཛོམས་པའི་ཤུལ་ལས་ སྐྱེས་ལྷ་དང་ ཡུལ་ལྷ་ཚུ་ལུ་ ཕྱག་དང་མཆོད་པ་ཕུལ་ བསྐོར་ར་རྐྱབ་ དེ་ལས་ གསེར་སྐྱེམས་དང་ སྙན་དར་ཚུ་ ཕུལ་ཚུགས་ནི་དེ་གིས་ ལོ་༡ གི་རྐྱེན་བཟློག་ཚུགསཔ་མ་ཚད་ གཅིག་ཁར་འཛོམས་ཏེ་ བཞེས་སྒོ་ཟ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ ཨིན་པས།
སྐམ་དར་སྤྱི་འོག་ལས་ སྐྱེས་ལོ་༦༧ ལང་མི་ གཡང་འཕེལ་གྱིས་ སླབ་མིའི་ནང་ དུས་ཅི་ ཕ་བརྒྱུད་བུ་བརྒྱུད་ཀྱི་ བྲོ་དཔོན་དེ་གིས་ ངོས་ལེན་འབད་མ་བཏུབ་ལས་ རྒེད་འོག་ནང་ སྙན་ཞུ་འབད་རུང་ རྒེད་འོག་བདག་སྐྱོང་གིས་ ནང་འགྲིག་འབད་མ་ཚུགསཔ་ལས་ མཁར་ཤོང་ཞེས་ངོ་གི་ ཁྲལ་པ་༨ ཀྱིས་ རྫོང་ཁག་ཁྲིམས་འདུན་ལུ་ ཞུ་གཏུགས་འབད་ཡོདཔ་བཞིན་དུ་ རྩོད་གཞི་ཕྱེ་བའི་བསྒང་ཡོད་ཟེར་ཨིན་པས།
གནས་སྦིས་ལས་ སྐྱེས་ལོ་༧༤ ལང་མི་ འཕྲིན་ལས་ཀྱིས་ སླབ་མིའི་ནང་ ལོ་༤ གི་རིང་ ཆཱ་བཟུང་མ་ཚུགས་པར་ བཤོལ་བཞག་དགོ་མི་དེ་ཡང་ མི་སེར་དང་ གྲྭ་ཚང་གི་བར་ན་ དཀའ་ངལ་དུམ་གྲ་ཅིག་ ཐོན་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
དུས་ཅི་ ལོག་སྟེ་ར་ ལྷ་གསོལ་འགོ་འདྲེན་འཐབ་ནིའི་དོན་ལུ་ ས་ཕྱོགས་སོ་སོ་ལས་ གཡུས་མི་ཚུ་འོང་ཡོདཔ་ཨིན་རུང་ བྲོ་མཆོངས་རྐྱབ་མི་ཚུ་ ན་གཞོན་ཨིནམ་ལས་ ལེགས་ཤོམ་སྦེ་ མ་ཤེས་པའི་ཁར་ ཞབས་ཁྲའི་ཚིག་ཚུ་ཡང་ ཚུལ་མཐུན་མིན་འདུག་ཟེར་ མི་སེར་ཚུ་གིས་ སླབ་ཨིན་པས།

གཡུས་སྒོའི་སློབ་ཕྲུག་ བུཚ་དང་བུམོ་ཚུ་གིས་ བྲོ་མཆོངས་རྐྱབ་པའི་བསྒང་།

སྐྱེས་ལོ་༡༢ ཡན་ཆད་འབད་མི་ སློབ་ཕྲུག་ཚུ་གིས་ བྲོ་མཆོངས་རྐྱབ་ནི་ལུ་ བཅའ་མར་གཏོགས་དགོ་མི་དེ་ཡང་ ན་གཞོན་ཚུ་གིས་འབད་བ་ཅིན་ གཡུས་སྒོའི་སྔར་སྲོལ་ལམ་ལུགས་ཚུ་ ཉམས་མི་བཅུག་ནིའི་དོན་ལུ་ཨིནམ་མ་ཚད་ འབྲུག་མི་ཡོངས་ལུ་ དཔེ་སྟོན་བཟུམ་ཅིག་ཨིན་ཟེར་ཨིན་པས།
ཆཱ་ཟེར་མི་་ བྱུང་ལུགས་དེ་ཡང་ ལྷ་གསོལ་གྱི་ཉིནམ་མཇུག་ལུ་ སྦལཔ་ཟོར་གྱི་ ཙན་དན་ཤིང་གི་རྩ་བ་ལུ་ ཞེས་ངོ་དང་ བྲོ་མཆོངས་རྐྱབ་མི་ ཁྲལཔ་ཚུ་གིས་ གུ་རུ་རིན་པོ་ཆེ་ལུ་ དགའ་ཚོར་གྱི་དོན་ལུ་ ཕགཔ་དང་ ལེ་ཀོ་ དེ་ལས་ ཉ་ཚུ་བཟུང་སྟེ་ བསད་ཞིནམ་ལས་ དབྱུག་པ་༥ ལུ་ མགུ་ཏོ་དཔྱངས་བཞག་ནིའི་སྲོལ་དེ་ རབ་སྡེ་བླམ་གནས་བརྟན་གྱིས་ བཀག་དམ་འབད་ཡོདཔ་ལས་ ད་རེས་ ཚུལ་བཟུམ་ཅིག་སྦེ་ མེ་ཏོག་ཚུ་ དཔྱངས་ནི་ཡོད་ཟེར་ཨིན་པས།
བདེ་སྐྱིད་དཔལ་འཛོམས་ཀྱིས་འབད་བ་ཅིན་ ཧེ་མ་ ཕམ་ཚུ་གི་སྐབས་ ཟླཝ་༧ པའི་ཚེས་༡ ལས་༡༥ ཚུན་ ལྷའི་དུས་ཚོད་ཨིནམ་ལས་ བྲོ་མཆོངས་མི་དང་ འཆམ་རྐྱབ་མི་ཚུ་ ཕག་ཤ་ཟ་ནི་ལས་ སྤང་དགོཔ་མ་ཚད་ སྐྱེས་ས་དང་ ཤི་ས་ལུ་ འགྱོ་མ་ཆོག་པའི་ཁར་ རང་སོའི་ཁྱིམ་ནང་ མཆོདཔ་ཕུལ་ནི་དང་ བསང་གཏང་ནི་ཚུ་ཡང་ བཤོལ་བཞག་དགོཔ་ཨིན་ཟེར་ཨིན་པས།
དེ་ཡང་ གུ་རུ་རིན་པོ་ཆེ་དང་ ཡུལ་ལྷ་༢ ཀྱི་བར་ན་ རྩོད་བསྡུར་རྐྱབ་པའི་སྐབས་ ལྷ་གིས་ གངས་ཆེན་ཅིག་ནང་ དྲོ་པ་དུས་ཚོད་བཟོ་མིའི་གུ་ ག་ཧེ་མ་ལྷོད་མི་དེ་གིས་ ལུང་ཕྱོགས་དེ་ དབང་ནི་ཨིན་ཟེར་ ཁ་ཚིག་བཞག་མི་དང་བསྟུན་ གུ་རུ་རིན་པོ་ཆེ་གིས་ ཉི་མའི་འོད་ལུ་ཆིབས་ཏེ་ གངས་ཆེན་གུ་ ཧེ་མ་ལྷོད་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ལྷ་ཚུ་གིས་ གུ་རུ་རིན་པོ་ཆེ་ལུ་ ཟླཝ་གཞན་ཚུ་ དབང་ནིའི་རང་དབང་མེདཔ་ལས་ རང་ཟླ་༧ པའི་ཚེས་༡ ལས་༡༥ ཚུན་ དབང་ནིའི་གོ་སྐབས་གནང་དགོ་ཟེར་ གསོལ་བ་བཏབ་མི་དེ་ལུ་ གུ་རུ་རིན་པོ་ཆེ་གིས་ ངོས་ལེན་གནང་བའི་ དུས་འབད་ནི་དེ་གིས་ སེམས་ཅན་ཚུ་ སྲོག་བཅད་རུང་ སྡིག་པ་མེད་ཟེར་ སླབ་ནིའི་སྲོལ་ཡང་ འདུག་ཟེར་ཨིན་པས།
ལྷག་པར་དུ་ ཚེས་༡༣ ལས་༡༥ ཚུན་ ཕྱི་རུ་ཞག་ཉལ་བའི་སྐབས་ སྒོ་མ་བསྡམ་པར་ བཞག་དགོ་མི་དེ་ཡང་ ཁྱིམ་ནང་ ལྷ་དངོས་སུ་བྱོནམ་ཨིན་ཟེར་སླབ་སྟེ་ གཡུས་ཁའི་ཕོ་སྐྱེས་ཚུ་གིས་ ཨམ་སྲུ་ཚུ་དང་གཅིག་ཁར་ ལུས་འབྲེལ་འབད་བའི་ སྲོལ་ཡོད་མི་དེ་ རྩ་བ་ལས་ར་ ཉམས་སོཔ་ཨིན་པས།
དེ་འབདཝ་ལས་ དུས་ཅི་ རྒེད་འོག་བདག་སྐྱོང་གིས་ འགོ་འདྲེན་ཐོག་ལས་ ལྷ་གསོལ་བརྩི་སྲུང་འབད་ཡོདཔ་བཞིན་དུ་ ད་ལས་ཕར་ མི་ཉམས་གོང་འཕེལ་གཏང་ནིའི་དོན་ལུ་ ལམ་ལུགས་ཚུ་ སྒྲིང་སྒྲི་བཟོ་ནིའི་འཆར་གཞི་འདུག་ ཞུ་ནི་ཨིན་ནོ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ རྒྱལ་ཡོངས་མཁའ་འགྲུལ་ འབྲུག་ཨེ་ཡར་གྱིས་ བཀྲིས་སྒང་ཡོན་ཕུ་ལ་ནང་འཁོད་གནམ་ཐང་ནང་ འཕུར་འགྲུལ་བརྟག་དཔྱད་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ད་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ ཡོན་ཕུ་ལ་ཚུན་ གཞུང་འབྲེལ་ཐོག་ལས་ འཕུར་འགྲུལ་འབདཝ་ད་ དུས་ཡུན་སྐར་མ་༤༥ འགོར་དོ་ཡོདཔ་ཨིན་པས། ཡོན་ཕུ་ལའི་ འཕུར་འགྲུལ་ཞབས་ཏོག་ ལོག་འགོ་བཙུགས་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *