སློབ་ཁང་ནང་ ཨ་ནེམོ་ཚུ་ སློབ་ཕྲུག་གཞན་ཚུ་དང་ དཔེ་ཆ་ལྷབ་པའི་བསྒང་།

ཀུན་དགའ་རབ་བརྟན་གྱི་ ཨ་ནེམོ་ཚུ་གིས་ སྤྱིར་བཏང་སློབ་གྲྭ་ནང་ འགྱོ་དོ་ཡོདཔ།

༉ ཀྲོང་གསར་ལུ་ཡོད་མི་ ཀརྨ་སྒྲུབ་སྡེ་ཨ་ནེམོ་གྲྭ་ཚང་གི་ ཨ་ནེམོ་༡༧༦ གིས་ དྲོ་པ་ཧ་སག་ལོང་སྟེ་ ཁ་ཐུན་དགེ་སྦྱོར་ཚུ་གཏང་ནི་ འགོ་བཙུགསཔ་ད་ ཨ་ནེམོ་༡༥ གིས་ ཀུན་དགའ་རབ་བརྟན་སློབ་གྲྭ་ཆུང་བ་ནང་ དཔེ་ཆ་ལྷབ་པར་འགྱོ་ནིའི་དོན་ལུ་ རང་སོའི་ ཉིན་མའི་ལྟོ་བཅིངས་ཐོག་ལས་ བེག་ནང་ དཔེ་དེབ་ཚུ་བཙུགས་ཏེ་ སློབ་གྲྭ་ནང་ འགྱོཝ་ཨིན་པས།
དེ་ཡང་ གྲྭ་ཚང་དེ་ནང་གི་ ཨ་ནེམོ་སྡེ་ཚན་ཅིག་ དེང་སང་གི་ ཤེས་ཡོན་སྦྱང་ནིའི་དོན་ལུ་ སྤྱིར་བཏང་གི་ སློབ་ཕྲུག་ཚུ་དང་གཅིག་ཁར་ དཔེ་ཆ་ལྷབ་པར་འགྱོཝ་ཨིན་པས།
སྐྱེས་ལོ་༡༣ ལང་མི་ ཨ་ནེམོ་བདེ་ཆེན་སྒྲོལ་མ་གིས་ སྤྱི་ལོ་༢༠༡༣ ལུ་ བསམ་ཆོས་གླིང་སློབ་གྲྭ་ཆུང་བ་ནང་ སློབ་རིམ་༢ པ་ ལྷབ་ཚར་བའི་ཤུལ་ལས་ཐོན་སྡོད་དེ་ སྤྱི་ལོ་༢༠༡༤ ལུ་ ཀརྨ་སྒྲུབ་སྡེ་ཨ་ནེ་གྲྭ་ཚང་ནང་ འཛུལ་ཞུགས་འབད་ནུག།
ཨིན་རུང་ སྤྱི་ལོ་༢༠༡༥ ལུ་ མོ་ར་ གྲྭ་ཚང་ནང་ ཤེས་ཡོན་སྦྱང་སྡོད་པའི་སྐབས་ གྲྭ་ཚང་གི་དབུ་འཛིན་གྱིས་ མོ་དང་འདྲ་བའི་ སློབ་གྲྭ་ནང་ལས་ ཐོན་འོང་མི་ཨ་ནེམོ་ཚུ་ལུ་ དེང་སང་གི་ ཤེས་ཡོན་འཕྲོ་མཐུད་སྦྱང་ནིའི་དོན་ལུ་ ཀུན་དགའ་རབ་བརྟན་སློབ་གྲྭ་ཆུང་བ་ནང་ བཙུགས་ནུག།
བདེ་ཆེན་སྒྲོལ་དཀར་དེ་ ད་རེས་ སློབ་རིམ་༤ པའི་ནང་ འཕྲོ་མཐུད་དེ་ ཤེས་ཡོན་སྦྱང་དོ་ཡོདཔ་ད་ མོ་དང་གཅིག་ཁར་ བློ་གསར་སློབ་རིམ་ལས་ སློབ་རིམ་དྲུག་པ་ཚུན་ ཨ་ནེམོ་༡༥ འདུག།
སྐྱེས་ལོ་༡༤ ལང་མི་ ཀུན་དགའ་དབང་མོ་དེ་ ཉིམ་གཤོང་སློབ་གྲྭ་ཆུང་བའི་ནང་ སློབ་རིམ་༣ པ་ མཇུག་བསྡུ་བའི་ཤུལ་ལས་ སྤྱི་༢༠༡༥ ལུ་ གྲྭ་ཚང་དེ་ནང་ ཨ་ནེམོ་སྦེ་འཛུལ་ཞུགས་འབད་ཡོདཔ་ད་ མོ་ཡང་ ད་རེས་ སློབ་གྲྭ་ཆུང་བ་དེ་ནང་ ཤེས་ཡོན་སྦྱང་པའི་བསྒང་འདུག།
མོ་གིས་ བཤད་མིའི་ནང་ ཆོས་ཚན་ཚུའི་གྲས་ལས་ རྩིས་དེ་ ལཱ་ཁག་རྐྱབ་མས་ཟེར་ཨིན་རུང་ མི་ཆོས་ཚན་གཞན་ཚུ་ འཇམ་མས་ཟེར་ཨིནམ་ད་ ཨ་ནེམོ་སྦེ་འཛུལ་མི་ སློབ་ཕྲུག་ག་ར་ ཕམ་ཉམ་ཆུང་གི་ ཨ་ལོ་ཚུ་ཨིན་པས།

ཀྲོང་གསར་ ཀརྨ་སྒྲུབ་སྡེ་ཨ་ནེམོ་གྲྭ་ཚང་ལས་ ཨ་ནེམོ་༡༥ གིས་ དེང་སང་གི་ ཤེས་ཡོན་སྦྱང་ནིའི་དོན་ལུ་ སློབ་ཕྲུག་གཞན་ཚུ་བཟུམ་སྦེ་ ཉིན་མའི་ལྟོ་བཅིངས་འབག་སྟེ་ ཀུན་དགའ་རབ་བརྟན་སློབ་གྲྭ་ཆུང་བ་ནང་ དཔེ་ཆ་ལྷབ་པར་ འགྱོ་བའི་བསྒང་།

སྐྱེས་ལོ་༡༢ ལང་མི་ བསྟན་འཛིན་སྒྲོལ་མ་དེ་ ལཱ་ཁག་སྦེ་ གྲྭ་ཚང་དེ་ནང་འཛུལ་ནིའི་དོན་ལུ་ ལ་ཡ་ལས་ འོང་ཡོདཔ་ད་ མོ་ཡང་ ད་རེས་ སློབ་གྲྭ་དེ་ནང་ སློབ་རིམ་༤ པའི་ནང་ ཤེས་ཡོན་སྦྱང་དོ་ཡོདཔ་ད་ མོ་ར་ གྲྭ་ཚང་ནང་ཡོད་མི་ ཨ་ནེམོ་ཅིག་གིས་ གྲྭ་ཚང་གི་སྐོར་ལས་ སླབ་པའི་ཤུལ་ལས་ སློབ་གྲྭ་ནང་ལས་ ཐོན་འོང་ཡོདཔ་ཨིན་པས།
རྩིས་ཀྱི་སློབ་དཔོན་ ཚེ་རིང་རྣམ་རྒྱལ་གྱིས་ སླབ་མིའི་ནང་ ཨ་ནེམོ་ཚུ་གིས་ རྫོང་ཁ་དེ་ ལེགས་ཤོམ་སྦེ་ ཤེས་དོ་ཡོདཔ་ལས་ རྩིས་དང་ ཨིང་སྐད་ནང་ ལཱ་རྩ་འགེངས་འབད་བཅུག་དོ་ཟེར་ཨིན་རུང་ བློ་གསར་སློབ་རིམ་ནང་ཡོད་མི་ ཨ་ནེམོ་ ཀརྨ་གཡང་འཛོམས་ཀྱིས་ ལོ་ཕྱེད་ཆོས་རྒྱུགས་ནང་ལས་ ཨང་དང་པ་ཐོན་ཡོདཔ་མ་ཚད་ མོ་ར་ འབད་བཞག་བཅའ་བཞག་ཚུ་ཡང་ ཟབ་ཟབ་ཡོད་ཟེར་བཤད་ནི་འདུག།
ཨིང་སྐད་ཀྱི་སློབ་དཔོན་ སྤྱན་ཚེ་རིང་གིས་ སླབ་མིའི་ནང་ ཨ་ནེམོ་ཚུ་ གྲྭ་ཚང་ནང་སྡོད་ནི་དེ་གིས་ འགོ་དང་པ་ སྤྱིར་བཏང་གི་ དཔེ་ཆ་ལྷབ་ནི་ལུ་ དུམ་གྲ་རེ་ དཀའ་ངལ་ཐོན་ཡོད་རུང་ ད་རེས་ དཀའ་ངལ་མེད་ཟེར་ཨིན་པས།
ཨ་ནེམོ་ཚུ་ སློབ་གྲྭ་ནང་ ཞབས་ཁྲ་མ་གཏོགས་ རྩེད་རིགས་གཞན་ ཕུཊ་བཱོལ་ཚུ་ སྤྱིར་བཏང་སློབ་ཕྲུག་ཚུ་བཟུམ་སྦེ་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས།
ཀརྨ་སྒྲུབ་སྡེ་ཨ་ནེ་གྲྭ་ཚང་གི་དབུ་འཛིན་ ཡེ་ཤེས་ཆོས་སྒྲོན་གྱིས་ བཤད་མིའི་ནང་ དུས་ཀྱི་འགྱུར་བ་དང་བསྟུན་ ཨ་ནེམོ་ཚུ་ལུ་ དེང་སང་གི་ བལྟ་རྒྱ་མཐོང་བྱ་དགོཔ་ལས་ ཨ་ནེམོ་ཆུང་ཀུ་ཚུ་ལུ་ ཤེས་ཡོན་སྦྱང་ནིའི་ གོ་སྐབས་བྱིན་དོ་ཟེར་ཨིནམ་ད་ ཁོང་ག་ར་ལུ་ ཟད་འགྲོ་ཚུ་ག་ར་ གྲྭ་ཚང་གིས་ བཏངམ་ཨིན་ཟེར་ཨིན་པས།
དབུ་འཛིན་གྱིས་ བཤད་མིའི་ནང་ ཨ་ནེམོ་ཚུ་གིས་ ཨིང་སྐད་ཤེས་དགོཔ་ཁག་ཆེ་རུང་ དུས་རྒྱུན་དུ་ སློབ་གྲྭ་ནང་ར་ ལྷབ་བཅུག་པ་ཅིན་ གྲྭ་ཚང་གི་ ལམ་ལུགས་ཚུ་ མི་ཤེས་ནི་ཨིནམ་ལས་ སློབ་རིམ་༦ པ་ཚུན་རྐྱངམ་གཅིག་ སློབ་གྲྭ་ནང་ ལྷབ་བཅུག་སྟེ་ ལོག་སྟེ་ གྲྭ་ཚང་ནང་ བཙུགས་ནི་ཨིན་ཟེར་ཨིན་པས།
མོ་གིས་ བཤད་མིའི་ནང་ གྲྭ་ཚང་ནང་སྡོད་མི་ཚུ་གིས་ ཞབས་ཁྲ་ཚུ་རྐྱབ་ད་ མ་འཇའ་ནི་དེ་གིས་ སློབ་གྲྭ་ནང་འགྱོ་མི་ཚུ་ལུ་ ལུས་རྩལ་ ཊའི་ཀཱོན་ཌོ་ལས་འགོ་བཟུང་ ལྷབ་སྦྱང་འབད་དགོཔ་སྦེ་ སླབ་སྟེ་ཡོད་ཟེར་ཨིན་པས།
ཉིན་མའི་ཆུ་ཚོད་ཕྱེད་དང་༤ ལུ་ སྤྱིར་བཏང་སློབ་ཕྲུག་ཚུ་ འཕྲལ་མགྱོགས་ར་ སློབ་གྲྭ་གིས་ འགོ་འདྲེན་འཐབ་ནི་ཨིན་མི་ རང་ལུགས་ཀྱི་ ཞབས་ཁྲའི་དོན་ལས་ སྦྱང་བ་འབད་བར་འགྱོཝ་ད་ ཨ་ནེམོ་བདེ་ཆེན་སྒྲོལ་མ་དང་ མོ་རའི་ ཆ་རོགས་ཚུ་ག་ར་ ལོག་སྟེ་ ཀུན་དགའ་རབ་བརྟན་གྲྭ་ཚང་ནང་ འགྱོཝ་ཨིན་པའི་གནས་ཚུལ།

ཀྲོང་གསར་ལས་ བཀྲིས་བསྟན་འཛིན།

About admin

Check Also

གནས་ཚུལ་མདོར་བསྡུས།

ཁ་ཙ་ རྒྱལ་ཡོངས་མཁའ་འགྲུལ་ འབྲུག་ཨེ་ཡར་གྱིས་ བཀྲིས་སྒང་ཡོན་ཕུ་ལ་ནང་འཁོད་གནམ་ཐང་ནང་ འཕུར་འགྲུལ་བརྟག་དཔྱད་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ད་ སྤ་རོ་རྒྱལ་སྤྱི་གནམ་ཐང་ལས་ ཡོན་ཕུ་ལ་ཚུན་ གཞུང་འབྲེལ་ཐོག་ལས་ འཕུར་འགྲུལ་འབདཝ་ད་ དུས་ཡུན་སྐར་མ་༤༥ འགོར་དོ་ཡོདཔ་ཨིན་པས། ཡོན་ཕུ་ལའི་ འཕུར་འགྲུལ་ཞབས་ཏོག་ ལོག་འགོ་བཙུགས་ནིའི་དོན་ལུ་ …

Leave a Reply

Your email address will not be published. Required fields are marked *