ཀུན་གསལ་རྩོམ་སྒྲིག་པའི་ འཆར་སྣང་གི་ཐོག་ལུ་ བསམ་འཆར་བྱུང་བ་ལུ་ ལེགས་ཉེས་ཀྱི་བསམ་འཆར་དེ་ ཡར་རྒྱས་ཀྱི་གཞི་མ་ཨིན།

༉ སྤྱིར་བཏང་བརྡ་བརྒྱུད་ནང་ ཐུགས་འཆར་ག་ཅི་བཟུམ་ཡོད་རུང་ བཀོད་ཆོགཔ་འདི་ བརྡ་བརྒྱུད་ཀྱི་ལམ་ལུགས་དང་ རང་དབང་ཨིན། དེ་ལས་ རྩོམ་སྒྲིག་པའི་སྣང་འཆར་དང་འབྲེལ་ཏེ་ རང་གི་རྒྱལ་ཁབ་དང་ མི་རིགས་ མ་འོངས་རྒྱལ་ཁབ་ཀྱི་ཞི་བདེ་དང་ དེ་བཟུམ་སྦེ་ ན་གཞོན་ཚུ་གི་མ་འོངས་འབྱུང་འགྱུར་གྱི་ མི་ཚེའི་གནས་སྟངས་ཚུ་ལུ་ མནོ་བསམ་བཏང་སྟེ་ རྒྱལ་ཁམས་པ་རང་གིས་ བསམ་ལན་ཅིག་ཞུ་ནི།
རྩོམ་སྒྲིག་པ་གིས་ ད་རེས་འབད་བའི་བསྒང་ལས་ ལུགས་ལྡོག་སུ་གྱུར་ཏེ་ བླ་མ་གིས་ སློབ་མ་འཚོལ་ཏེ་ ཆོས་གནང་སྲོལ་བྱུངམ་ཨིན་མས་ཟེར་བཀོད་ནུག།
རང་གིས་ བྱ་ལས་འདི་ལུ་ཧ་ལས་དགོཔ་ཅིག་ ག་ཅི་ཡང་མེདཔ་མ་ཚད་ བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོའི་མཛད་རྣམ་དང་མཐུན་པའི་བྱ་བ་བཟང་པོ་ཅིག་ཨིན། ག་དེ་སྦེ་སྨོ་ཟེར་བ་ཅིན་ སྟོན་པས་དང་པོ་སྐུལ་མ་འབད་མི་ག་ཡང་མེད་པར་ དམྱལ་བ་ཤིང་རྟ་འདྲེན་པའི་ཚེ་ སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་ བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་གནང་ཡི། དེ་ལས་རིམ་པ་བཞིན་དུ་ སློབ་པ་ལམ་གྱི་གནས་སྐབས་སུ་ སངས་རྒྱས་མར་མེ་མཛེས་ཀྱི་སྐུའི་དྲུང་དུ་ སྙིགས་མ་ལྔ་དུས་སུ་ ལྔ་དུས་ཀྱི་སེམས་ཅན་ཚུ་ལུ་ ཐར་པ་བཀོད་པའི་ལམ་སྟོན་པ་སྦེ་ བྱིན་ནི་ཨིན་ཟེར་ སྐུལ་མ་འབད་མི་མེད་པར་ ཁས་བླངས་མཛད་གནང་ཡོདཔ་ཨིན།
དེ་ལས་ འོག་མིན་གྱི་ཞིང་དུ་ མངོན་པར་སངས་རྒྱས་ནས་ འཛམ་བུ་གླིང་ལུ་སེམས་ཅན་ཚུ་ལུ་ ཐར་པའི་ལམ་སྟོན་ནིའི་དུས་ཚོད་རན་མི་ལུ་བརྟེན་ སྐུལ་མ་འབད་མི་ག་ཡང་མེད་པར་ འཇིག་རྟེན་མི་ཡི་གཟུགས་སུ་བྱོན་གནང་ཡི། དེ་ལས་རིམ་པ་བཞིན་དུ་ སྐུལ་མ་འབད་མི་ག་ཡང་མེད་པར་ སེམས་ཅན་གྱི་དོན་དུ་ མཛད་པ་རྣམ་པ་སྣ་ཚོགས་ལེ་ཤ་ཅིག་ སྟོན་གནང་པའི་ཐ་མ་ལུ་ སླར་བདེ་ཆེན་གྱི་ཞིང་དུ་ཕེབས་གནང་ཡོདཔ་ཨིན།
དེ་འབདཝ་ལས་ སློབ་དཔོན་གྱི་སློབ་མ་འཚོལ་ཏེ་ ཆོས་སྟོན་གནང་མི་འདི་ སངས་རྒྱས་ཀྱི་མཛད་པ་དང་མཐུན་པའི་བྱ་བ་བཟང་པོ་ཅིག་མ་གཏོགས་ འཛོལ་བ་ག་ཅི་ཡང་མེད། ལྷག་པར་དུ་ ད་རེས་ནངས་པར་ མི་ངོམ་རང་གཞན་ག་ར་ མ་དངུལ་དཔལ་འབྱོར་གྱི་དབང་ལུ་ ཤོར་བའི་དུས་ལུ་ སློབ་དཔོན་འདི་བཟུམ་ཐོབ་པ་ལཱ་ཁག་ཡོདཔ་ཨིན།
དེ་འབདཝ་ལས་ སློབ་དཔོན་དང་ བླ་མ་ཚུ་ལུ་ བཀའ་དྲིན་དགའ་ཚོར་བསམ་མ་ཚུགས་རུང་ མ་བཏུབ་བཟུམ་གྱི་ བསམ་འཆར་བྱུང་མི་འདི་ སྙིགས་མའི་དུས་ཀྱི་སེམས་ཅན་གྱི་ འཆར་སྣང་ཅིག་མེན་ན་མནོཝ་མས།
རྩོམ་སྒྲིག་པས་ སློབ་མ་ཚུ་ལུ་ ཆོས་ཞུ་ནིའི་དང་འདོད་མེད་རུང་ སྲིད་ཀྱི་དབང་ལུ་ཤུགས་ཐལ་བའི་བསྒང་ལས་ ངེས་པར་དུ་ ཆོས་ཞུ་དགོ་པའི་བཀའ་རྒྱ་གནང་སྟེ་ ལག་ལེན་འཐབ་མི་ཡང་ བྱུང་སྲིད་པས་ཟེར་བཀོད་མི་ལུ།
འདི་བཟུམ་ལག་ལེན་འཐབ་མི་ འབྱུང་ནི་མས་ཟེར་བའི་རྩོམ་སྒྲིག་པའི་དོགས་པ་ཨིན་མས། དོགས་པ་འདི་ལེགས་ཤོམ་འདུག་ འདི་བཟུམ་ལག་ལེན་འཐབ་མི་ དོགས་པ་མེན་པར་ ངོ་མ་འབད་ར་སྲིད་བྱུས་ཡོད་པ་ཅིན་ བསམ་ཡུལ་ལས་འདས་པའི་ སྲིད་བྱུས་ཅིག་སྦེ་ ངོས་འཛིན་ཟེར་ཞུ་ནི། དེ་ཡང་ སྔར་ལས་ད་ལྟོའི་བར་ན་ ང་བཅས་རའི་ རྒྱལ་ཁབ་འདི་ ཞི་བདེའི་རྒྱལ་ཁབ་སྦེ་ཡོད་མི་འདི་ རྒྱུ་དམ་པའི་ཆོས་ཀྱི་བཀའ་དྲིན་ཨིན། མ་འོངས་པ་ལུ་ཡང་ རྒྱལ་ཁབ་ཞི་བདེ་དགོ་པ་ཅིན་ ནང་ཆོས་མེད་ན་མེད་དུ་མི་རུང་བ་ཅིག་ཨིན། དེ་འབདཝ་ལས་ ན་གཞོན་ཚུ་ལུ་ ནང་ཆོས་དང་སེམས་ཐག་ཉེ་སུ་བཟོ་ནིའི་དོན་ལུ་ སྲིད་བྱུས་འདི་བཟུམ་ཡོད་པ་ཅིན་ རླབས་ཆེན་གྱི་ བྱ་བ་བཟང་པོ་ཅིག་སྦེ་ ངོས་འཛིན་ཞུ་ཆོག་ལགས།
རྩོམ་སྒྲིག་པས་ ་ལག་ཁྱེར་དེ་འབག་འོང་ནི་མེད་པ་ཅིན་ སློབ་གྲྭ་ནང་སློབ་སྦྱོང་འཕྲོ་མཐུད་དེ་ འབད་མི་བཅུག་ཟེར་བའི་འཇིགས་སྐུལ་དང་བཅས་པའི་སྒོ་ལས་ སློབ་ཕྲུག་ཨ་ལོ་ཚུ་ བྱ་ཐབས་མེད་པར་ གོམས་འདྲིས་འབད་བར་བཏངམ་མས་ཟེར་བཀོད་ནུག།
འཇིགས་སྐུལ་དང་བཅས་པའི་སྒོ་ལས་ཟེར་ ཚིག་ཅིག་ལག་ལེན་འཐབ་ནུག་ ཚིག་འདི་ལག་ལེན་འཐབ་མི་འདི་ འཛོལ་བ་མེན་ན་ཟེར་མནོཝ་མས། དེ་ཡང་ འཇིགས་སྐུལ་ཟེར་མི་འདི་ གནས་ཚུལ་བདེན་པ་མེནམ་བཞིན་དུ་ བློ་བཟོ་ཞིནམ་ལས་ གཞན་གྱི་སེམས་ལུ་ སྐྲག་སྣང་དང་ཚེར་སྣང་བྱུང་བའི་བློ་ལུ་ འཇིགས་སྐུལ་ཟེར་སླབ་ཨིན། ག་དེམ་ཅིག་སྦེ་ ནང་ཆོས་གོམས་འདྲིས་ཀྱི་ལག་ཁྱེར་མེད་པར་ སློབ་སྦྱོང་འཕྲོ་མཐུད་དེ་འབད་མ་ཆོག་པའི་ ལམ་ལུགས་ཡོད་པ་ཅིན་ འཇིགས་སྐུལ་མེན་པར་ གཞུང་གི་ཁྲིམས་ལུགས་ཨིན་མས། ག་དེམ་ཅིག་སྦེ་ བདེན་པ་མེན་པ་ཅིན་ འཇིགས་སྐུལ་ཅིག་ལུ་ ངོས་འཛིན་ཞུ་ཆོག་ དེ་འབདཝ་ད་ ཕུགས་ལུ་གནོད་པའི་འཇིགས་སྐུལ་མེན་པ་ལུ་བརྟེན་ གནས་སྐབས་འཇིགས་སྐུལ་ཅིག་སྦེ་ མཐོང་སྟེ་འབད་རུང་ ཕུགས་ལུ་ རང་དབང་རྒྱལ་ཁབ་ལུ་ ཕན་ནི་ཨིནམ་ལས་ མཐོང་སྣང་ལུ་འཛོལ་བ་ཡོད་རུང་ དོན་ལུ་འཛོལ་བ་མིན་འདུག། སྟབས་བདེ་བ་ཅིན་ གནམ་དགུན་གྱི་ངལ་གསོའི་སྐབས་ ནང་ཆོས་གོམས་འདྲིས་འབད་དགོ་པའི་ལམ་ལུགས་འདི་ བཅའ་ཁྲིམས་སྦེ་ བཟོ་གནང་རུང་ མ་བཏུབ་མེདཔ་མ་ཚད་ སྟོན་པའི་བཀའ་དང་ཡང་ མཐུནམ་ཨིན།
རྩོམ་སྒྲིག་པས་ འདི་བཟུམ་གྱི་ཐབས་བྱུས་དེ་གིས་ ཆོས་གནང་མི་གིས་གནང་སྟེ་འབད་རུང་ ཞུ་མི་ལུ་དད་པ་དང་ ཡིད་ཆེས་མེདཔ་ལས་ ཕན་ཐོགས་ཚུགས་པར་ལཱ་ཁག་འོང་ཟེར་འདུག།
འདི་གི་ཐད་ལུ་ ཐུགས་བསམ་རྒྱ་ཆེ་སུ་ཅིག་སྦེ་ བཞེས་དགོཔ་ཅིག་འདུག་མནོཝ་མས། དེ་ཡང་ སློབ་ཕྲུག་ག་ར་ལུ་ དད་པ་དང་ཡིད་ཆེས་མེདཔ་ཨིནམ་ རྩོམ་སྒྲིག་པ་ལུ་ མངོན་ཤེས་ཡོད་པ་ཅིན་ཞུ་ནི་མེད་ དེ་མེན་པ་ཅིན་ ཐག་བཅད་དེ་སླབ་ཚུགས་པར་ལཱ་ཁག་འོང་། ག་དེམ་ཅིག་སྦེ་ མི་ངོམ་ཅིག་དང་གཉིས་ཀྱིས་ དད་པ་དང་ ཡིད་ཆེས་སྤྲོ་བ་མེད་ཟེར་ དངོས་སུ་སླབ་མི་ ཐོན་མི་ལུ་བརྟེན་ཨིན་རུང་ སློབ་ཕྲུག་ག་ར་ལུ་ དད་པ་དང་ཡིད་ཆེས་མེད་ཟེར་སླབ་མི་ཚུགས། ག་དེམ་ཅིག་སྦེ་ མེད་པའི་དབང་དུ་བཏང་རུང་ ཕན་ཐོགས་མེདཔ་འདི་རྩ་ལས་ར་མེན་པས་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ནང་ཆོས་གོམས་འདྲིས་ཀྱི་ གོ་སྐབས་ལུ་བརྟེན་ ནང་ཆོས་རྐྱངམ་གཅིག་སྦྱང་ནི་མེན་པར་ ཤེས་ཡོན་གཞན་དང་གཞན་ཡང་ ཐོབ་ཚུགས་པའི་གོ་སྐབས་བཟང་པོ་ཅིག་སྦེ་མཇལཝ་མས། དཔེར་ན་ བཟའ་ལུགས་ འདུག་ལུགས་ འགྲོ་ལུགས་ གུས་ཞབས་འབད་ཐངས་ཚུ་སྦྱང་ནི་གི་ གོ་སྐབས་ཡོདཔ་སྦེ་ མཇལཝ་མས།
ལྷག་པར་དུ་ ན་གཞོན་ཚུ་ དུས་ཚོད་ཆུད་ཟད་མི་གཏང་ནི་དང་ ལཱ་ངན་པ་ ཆ་རོགས་ངན་པ་ ཟས་ངན་པ་ཚུ་ལས་ སྐྱོབ་ཚུགས་པའི་ ཕན་ཐོགས་སྦོམ་ར་འདུག། དཔེར་ན་ ཕམ་ལུ་ཚ་གྱང་མེད་པ་དང་ གཞུང་ལུ་གྱོང་རྒུད་མེད་པ་ མི་སྡེ་ལུ་གནོད་པ་མེད་པ་ སྒེར་གྱི་མི་ཚེ་འཕྲོ་བརླག་མི་འགྱོ་ནི་ཚུ་ལུ་ ཕན་ཐོགས་ཡོདཔ་སྦེ་མཇལ་ཡི། དེ་འབདཝ་ལས་ ནང་ཆོས་སྦྱང་མ་ཚུགས་རུང་ གོང་ལུ་བཀོད་པའི་ཁེ་ཕན་ཚུ་ རང་བཞིན་གྱིས་ ཐོབ་ཚུགས་ནི་མས།
རྩོམ་སྒྲིག་པས་ ནང་ཆོས་གོམས་འདྲིས་ཀྱི་སློབ་སྦྱོང་ཟེར་ ག་ནི་བ་ཁྱད་དུ་འཕགས་པའི་ གཞུང་གྲྭ་ཚང་གི་ སློབ་དཔོན་དང་ རིག་པའི་གནས་ལུ་མཁས་པའི་མཁན་པོ་ཚུ་གིས་ བཀའ་ཆོས་ཟབ་མོ་གནང་ནིའི་ལས་རིམ་འདི་ ལོགས་སུ་བཀར་ཏེ་འབདཝ་ད་ ཕྱི་འགྱུར་མ་སོང་ག་ཟེར་བའི་ དོགས་པ་ཡང་ ཆགསཔ་མས་ཟེར་བཀོད་ནུག།
འདི་ལུ་ དོགས་པ་ཆགས་སྲིད་ ཐ་ན་ ཧེ་མ་སངས་རྒྱས་ཀྱིས་ ཆོས་གསུངསམ་ད་ལུ་ཡང་ དོགས་པ་ཟ་མི་བྱུང་ནུག། ག་ཅི་སྦེ་ཟེར་བ་ཅིན་ དོགས་པ་འདི་རང་གིས་ ལེགས་ཤོམ་སྦེ་ ཧ་མ་གོཝ་ད་ལུ་ ཆགས་ནི་ཡོད། ང་ལུ་དོགས་པ་མིན་འདུག་ ག་ཅི་སྦེ་ཟེར་བ་ཅིན་ དེ་གི་ཐད་ལུ་ དཔྱད་པ་འབདཝ་ད་ལུ་ ཕན་ཐོགས་ཅན་ཅིག་སྦེ་ གྲུབ་འབྲས་ཐོབ་ཅི། ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་པ་ཆོས་གནང་མི་ བླམ་སློབ་དཔོན་ག་ར་ ཆོས་གནངམ་ད་ལུ་ སྣོད་ཆོས་ཞུ་བ་པོ་དང་འཁྲིལ་ཏེ་ ཆོས་གནང་དགོཔ་ཨིན་པ་ མཁྱེན་མི་ཚུ་ཨིན་མས། དེ་བཟུམ་སྦེ་ སློབ་ཕྲུག་ཨ་ལོ་ཚུ་ལུ་གནང་མི་ཆོས་འདི་ མི་ཆོས་གཙང་མ་བཅུ་དྲུག་དང་ ལྷ་ཆོས་དགེ་བ་བཅུ་ལ་སོགས་པ་ཨིན་མས། དེ་མེན་པ་ ཟབ་ཆོས་གསང་སྔགས་དང་ དབུ་མའི་ལྟ་གྲུབ་ཀྱི་སྐོར་ཚུ་ མེནམ་ལས་བརྟེན་ ཕྱི་གྱུར་མ་སོང་ག་ཟེར་བའི་ དོགས་པ་ཆགས་དགོཔ་མིན་འདུག།
རྩོམ་སྒྲིག་པས་ སྤྱིར་བཏང་དམ་པའི་ཆོས་ལུ་ རྫུན་མི་ཤོང་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ནང་ དམ་པའི་ཆོས་དེ་ ཡུལ་བཙུན་པ་ཨིན་པའི་ཆ་ལས་ སྤྱི་བོར་བཀུར་ཏེ་མཛད་པ་ཅིན་ལེགས་ཤོམ་འོང་ ཆོས་གནང་མི་གིས་ ག་ལྷོད་གནང་ནི་དང་ ཞུ་མི་གིས་ཡང་ འདི་དང་འདི་ཟེརཝ་མེད་པར་ ག་ལྷོད་ཞུ་སྟེ་འབད་བ་ཅིན་ ནམ་ཕུགས་ལུ་ དམ་ཆོས་ཡིད་བཞིན་ནོར་བུའི་སྲོག་ཤིང་འདི་ ཕྱིའི་རྒྱལ་ཁབ་ཚུ་ནང་ རྒྱུ་སྟོབས་ཅན་དང་ མ་དངུལ་ཡོད་མི་ཚུ་གིས་ འབད་དོ་བཟུམ་གྱི་ ཁོངས་སུ་བསྡུ་འོང་ཟེར་འདུག།
སྤྱིར་བཏང་ དེ་བཟུམ་གྱི་ཚ་གྱང་བཞེས་མི་དེ་ ལེགས་ཤོམ་ཨིན་མས། ཨིན་རུང་ ཚ་གྱང་འདི་ དགོ་ས་ལུ་ཆད་ མ་དགོ་ས་ལུ་ལྷག་ཟེར་བའི་གཏམ་དཔེ་བཟུམ་སྦེ་ ཡར་སོ་ནུག། དེ་ཡང་ ནང་ཆོས་གོམས་འདྲིས་ལམ་ལུགས་བཟོ་མི་དང་ བཅའ་མར་གཏོགས་མི་ཆ་མཉམ་གྱིས་ ལམ་ལུགས་དེའི་ཐད་ལུ་ ཐུགས་བཞེས་ག་ཅི་ཡང་མ་གནང་པར་ འགོ་བཙུགསཔ་བཟུམ་གྱི་ ཚོར་བའི་བསམ་ཚུལ་བཀོད་ནུག། སངས་རྒྱས་ཀྱི་ཆོས་འདི་ སེམས་ཅན་ཐམས་ཅད་ཀྱི་ ཆེད་དུ་གསུངསམ་མ་གཏོགས་ དགེ་སློང་དང་ ཨ་ནེམོ་ སྒོམ་ཆེན་ བླ་མ་ སྤྲུལ་སྐུ་ མཁན་པོ་ སློབ་དཔོན་ཚུ་ རྐྱངམ་གཅིག་ལུ་གསུངས་གསུངསམ་མེན། སངས་རྒྱས་ཀྱི་ཆོས་འདི་ འགྲོ་བ་རིགས་དྲུག་ཆ་མཉམ་ལུ་ར་ གནང་བཏུབ་པའི་གསུང་མ་འདྲཝ་ལེ་ཤ་ར་ཡོད། སངས་རྒྱས་འདི་ཐབས་ལ་མཁས་པ་ ཐུགས་རྗེ་ཆེན་པོ་འབད་མི་ལུ་བརྟེན་ འགྲོ་བ་ལུ་དབྱེ་བ་མེད་ རིགས་ལུ་ཁྱད་པར་མེད་ མཐོ་དམན་གྱི་རྣམ་གཞག་ཚུ་མེད་པར་ འགྲོ་བ་རང་རང་གི་དད་མོས་དང་ བློ་དང་མཚམས་པའི་ ཆོས་གསུངས་ཏེ་ཡོདཔ་ཨིན། དེ་འབདཝ་ལས་ ལམ་ལུགས་འདི་དང་འབྲེལ་ཏེ་ ཆོས་གནང་ནི་འདི་ ག་ཏེ་ལྷོད་ལྷོད་ཅི་ཡང་མེན་པས། ག་དེ་སྦེ་སྨོ་ཟེར་བ་ཅིན་ དང་པ་ལམ་ལུགས་བཟོ་ གཉིས་པ་ཆོས་གནང་སའི་གནས་གཏན་འཁེལ་བཟོ་ གསུམ་པ་ ཆོས་གནང་དགོ་པས་ཟེར་བའི་སྐུལ་མ་ཞུ་ བཞི་པ་ སློབ་ཕྲུག་ཚུ་གིས་ ཕྱག་འཚལ་ སྐྱབས་སུ་འགྲོ་ ཚུལ་དང་མཐུན་པའི་གོ་ལ་གྱོན་ ཚུལ་དང་མཐུན་པའི་རྣམ་གྱུར་སྟོན་ ལྔ་པ་ཆོས་གནང་མི་གིས་ བྱང་ཆུབ་སེམས་ཀུན་ནས་སློང་སྟེ་ དམ་པའི་ཆོས་ཀྱི་སྦྱིན་པ་གནང་ སློབ་མ་ཚུ་གིས་སྦྱིན་པ་ཞུ་ དྲུག་པ་སློབ་མ་དང་སྦྱིན་བདག་ཚུ་གིས་ མ་འོངས་པ་ལུ་ཡང་ དེ་བཟུམ་སྦེ་ ཆོས་གནང་དགོ་ཟེར་བའི་གསོལ་བ་འདེབས་ བདུན་པ་ནང་ཆོས་གོམས་འདྲིས་ལུ་བརྟེན་ བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་ སྤྱིར་རང་གཞན་སེམས་ཅན་ཐམས་ཅད་དང་ བྱེ་བྲག་ རྒྱལ་ཁབ་དང་ རྒྱལ་བློན་འབངས་གསུམ་ཆ་མཉམ་ལུ་ ནད་ཡམས་མུ་གེ་ འཐབ་རྩོད་དང་འཁྲུག་ཟིང་ མདོར་ན་ ཕྱི་ནང་གསང་གསུམ་གྱི་ བར་ཆད་ཐམས་ཅད་ཞི་བ་དང་ དགེ་ལེགས་ཕུན་སུམ་ཚོགས་པའི་སྒོ་ལས་ དགའ་ཏོག་ཏོ་ སྐྱིད་ཏོང་ཏོ་སྦེ་ གནས་ཐབས་ལུ་དམིགས་ཏེ་ བསྔོ་བ་ཞུ་སྟེ་ མཇུག་བསྡུ་གནང་མི་འདི་ ག་ལྷོད་ལྷོད་ཨིན་མས་ཟེར་མི་ལུ་ རང་གིས་ ལྷག་ནི་ལུ་ཡང་ གཡང་ཟ་དོ་ཟེར་ ཞུ་ནི་ཨིན།
རྒྱལ་ཁམས་པ།
རྡོ་རྗེ་གདན།

About admin

Check Also

རང་དོན་སྤྱོད་ནིའི་དོན་ལུ་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་དོ་ཡོདཔ།

༉ བསམ་གྲུབ་ལྗོངས་མཁར་ལུ་ རང་དོན་སྤྱོད་ནིའི་དོན་ལས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་ཆོག་མི་དང་འཁྲིལ་ ཁྲོམ་ཁར་སྡོད་མི་ཚུ་ལུ་ ཏམ་ཁུ་མ་ཐོབ་པའི་ དཀའ་ངལ་མིན་འདུག། རྫོང་ཁག་གི་ ནད་ཡམས་ཀོ་བིཌ་-༡༩ གི་ ལས་བྱེད་ཚོགས་ཆུང་གིས་ ཏམ་ཁུའི་ཐོན་སྐྱེད་ཚུ་ ནང་འདྲེན་འབད་བའི་སྐབས་ ནད་འབུབ་མི་འབུ་ནིའི་དོན་ལས་ …

Leave a Reply

Your email address will not be published. Required fields are marked *