སྤྱི་ཟླ་༦ པའི་ཚེས་༢༦ ལུ་ བླམ་ཚེ་རིང་དབང་འདུས་ཀྱིས་ སྟོན་པ་རྡོར་གདན་མའི་ལས་འགུལ་དང གཞི་རྟེན་ཁང་ དེ་ལས་ ས་ཁྲམ་བདག་དབང་དེ་ གཞུང་དགེ་འདུན་གྲྭ་ཚང་ལུ་ རྩིས་ཕུལཝ་དང་འབྲེལ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཡིག་ཆ་གུ་ ཕྱག་རྟགས་གནང་པའི་ཤུལ་ལས་ ལས་ཚོགས་སློབ་དཔོན་གྱིས་ མཚན་རྟགས་བཀོད་གནང་པའི་བསྒང་།

ཀུན་གསལ་ཕོ་བྲང་གི་ སྟོན་པའི་སྐུ་འདྲ་དང་ གཞི་རྟེན་ཁང་ཚུ་ མཁན་སློབ་འདུས་ཚོགས་ལུ་རྩིས་སྤྲོད།

༉ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ བཞེངས་ཡོད་མི་ སྟོན་པ་རྡོར་གདན་མའི་ སྐུ་འདྲ་དང་ དེ་གི་གཞི་རྟེན་ཁང་ཚུ་ ཡོངས་རྫོགས་སྦེ་ གཞུང་དགེ་འདུན་གྲྭ་ཚང་ལུ་ རྩིས་སྤྲོད་ཕུལ་ནུག།
དེ་ཡང་ འདས་པའི་བདུན་ཕྲག་ནང་ ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་༣ པ་ དབུ་བཞུགས་གནང་པའི་སྐབས་ སྟོན་པ་རྡོར་གདན་མ་ལས་འགུལ་ འགོ་འདྲེན་འཐབ་མི་ ཆོས་མཐུན་ཚོགས་པའི་ཁྲི་འཛིན་ བླམ་ཚེ་རིང་དབང་འདུས་ཀྱིས་ མཁན་སློབ་འདུས་ཚོགས་ཟེར་ སྐྱབས་རྗེ་རྗེ་མཁན་མཆོག་དང་ གཞུང་གྲྭ་ཚང་གི་སློབ་དཔོན་ དེ་ལས་ དགེ་འདུན་འདུས་ཚོགས་༣ ལུ་ གཞུང་འབྲེལ་ཐོག་ལས་ བརྩི་སྤྲོད་ཕུལ་ཡི།
བླམ་ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ མི་དབང་འབྲུག་རྒྱལ་༤ པ་མཆོག་གི་ བཀའ་སློབ་དང་ དགོངས་གཏེར་ཡང་ ཀུན་གསལ་ཕོ་བྲང་ནང་ ས་ཆ་ཨེ་ཀར་༡༤༥ དེ་ དགེ་འདུན་གྲྭ་ཚང་གི་ མཚན་ཐོ་ཁར་ ཁྲམ་བཀོད་དགོཔ་སྦེ་ ཡོདཔ་བཞིན་དུ་ ཁྲམ་ཡང་ཐོབ་སྟེ་ཡོདཔ་ལས་ ད་རེས་ གཞུང་གྲྭ་ཚང་ལུ་ རྩིས་སྤྲོད་ཕུལཝ་ཨིན་ཟེར་ཨིན་པས།
ད་ལས་ཕར་ དགེ་འདུན་གྲྭ་ཚང་གིས་ སྟོན་པའི་སྐུ་འདྲ་ ཉམས་གསོ་ཞུ་ནི་དང་ མཐའ་འཁོར་ལེགས་བཅོས་འབད་ནི་ རྒྱལ་ཁབ་ལུ་ ཞབས་ཏོག་ཞུ་ནིའི་ འགན་ཁུར་མ་གཏོགས་ ས་ཆ་བཙོང་ནི་དང་ བརྗེ་སོར་འབད་མི་ཆོག་ཟེར་ཨིན་པས།
བླམ་ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ སྐྱབས་རྗེ་རྗེ་མཁན་མཆོག་གིས་ སྟོན་པའི་སྐུ་འདྲ་བཞེངས་དགོཔ་སྦེ་ ལུང་བསྟན་གནང་མི་དང་འཁྲིལ་ སྤྱི་ལོ་༢༠༠༦ ལས་བཞེངས་ནི་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༥ ཟླ་༩ པའི་ནང་ མི་དབང་འབྲུག་རྒྱལ་༤ པ་མཆོག་ དགུང་ལོ་༦༠ བཞེས་པའི་ རྟེན་འབྲེལ་དང་འཁྲིལ་ བཀྲིས་རབ་གནས་ཕུལ་ཡི་ཟེར་ཨིན་པས།
སྟོན་པ་རྡོར་གདན་མའི་ ལས་འགུལ་གྱི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ ས་ཆ་དང་ འཐུང་ཆུ་ གློག་མེ་ དེ་ལས་ འཁོར་ལམ་གྱི་ མཐུན་རྐྱེན་ཚུ་ གྲོགས་རམ་གནང་ཡོདཔ་ཨིན་པས།
བླམ་ཚེ་རིང་དབང་འདུས་ཀྱིས་ སླབ་མིའི་ནང་ སངས་རྒྱས་ཀྱི་བསྟན་པ་ འཛིན་སྐྱོང་སྤེལ་གསུམ་དང་ ནང་པའི་རྒྱལ་ཁབ་ཨིན་པའི་ར་ཁུངས་ ལམ་སྲོལ་གྱིས་ཕྱུག་པའི་ རྒྱལ་ཁབ་ཀྱི་ ལྟ་བ་དང་ གཞི་རྩ་ཚུ་ ཇི་སྲིད་སྐལ་པ་མ་སྟོང་གི་བར་དུ་ གནས་ཐབས་ལུ་ སྟོན་པའི་སྐུ་འདྲ་དེ་ལུ་བརྟེན་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།
སྟོན་པའི་སྐུ་བཞེངས་དགོ་པའི་ལུང་བསྟན།
སྟོན་པའི་སྐུ་འདྲ་བཞེངས་ནི་དེ་ གུ་རུ་རིན་པོ་ཆེའི་ ལུང་བསྟན་དེ་ཡང་ གཏེར་སྟོན་རྡོ་རྗེ་གླིང་པ་གིས་ གཏེར་བཞེས་ཏེ་ ལོ་ངོ་༦༧༢ ལང་སོང་རུང་ དུས་སྐབས་མ་ལྷོད་ནི་དེ་གིས་ ལུས་ནུག་ཟེར་ བླམ་ཚེ་རིང་དབང་འདུས་ཀྱིས་ བཤདཔ་ཨིན་པས།
ལྷུན་རྩེ་ཀུར་སྟོད་ལས་ སྨན་གླིང་གཏེར་བདག་གླིང་པ་གིས་ སེངྒེ་རྫོང་ལུ་ གཏེར་བཞེས་ནི་སྦེ་ བྱོན་ཡོད་རུང་ ལུང་བསྟན་དུས་ལུ་ མ་བབས་ནི་དེ་གིས་ ཁོ་གི་དག་སྣང་ལུ་ རྒྱལ་ཁབ་ནང་ བཀའ་འགྱུར་ཚར་བརྒྱ་ལྷག་ནི་དང་ མགོན་པོ་སྟོང་ཚོགས་ཚར་བརྒྱ་གཏང་ནི་ སྦྱིན་བསྲེག་ཚར་བརྒྱ་གཏང་དགོཔ་མ་ཚད་ ལྷ་ཁང་དང་དགོན་སྡེ་ག་ར་ ཉམས་གསོ་ཞུ་དགོཔ་ གནས་བདག་གཞི་བདག་ཚུ་ལུ་ གསོལ་ཁ་གཏང་དགོཔ་ གཟིགས་མི་ཚུ་ ཟིན་བྲིས་བཏབ་ བཞག་ནུག་ཟེར་ བླམ་ཚེ་རིང་དབང་འདུས་ཀྱིས་ བཤདཔ་ཨིན་པས།

ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ཡོད་མི་ སྟོན་པ་རྡོར་གདན་མའི་སྐུ་ཆེན།
ཟིན་བྲིས་བཏབ་བཞག་མི་ ཡི་གུ་དེ་ བླམ་བསོད་ནམས་བཟང་པོ་གིས་ ཐོབ་པའི་ཤུལ་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ ཁྲི་ཁར་ཕེབས་ཏེ་ ལོ་༡ དང་༢ དེ་ཅིག་ཁར་ སྐྱབས་རྗེ་མཆོག་གི་ཕྱག་ལུ་ ཕུལ་ནུག་ཟེར་ཨིན་པས།
དེ་ལས་ སྐྱབས་རྗེ་མཆོག་གིས་ རྒྱལ་ཁབ་ཀྱི་ སྐུ་རིམ་སྦེ་ ཀྲོང་གསར་རྫོང་ཁག་ བཀྲིས་གླིང་ལུ་ ཕྱག་སྟོང་སྤྱན་སྟོང་གི་ སྐུ་འདྲ་བཞེངས་གནང་པའི་ཁར་ དབང་སྤར་མཚམས་ལུ་ སྟོན་པ་དང་ གུ་རུའི་སྐུ་འདྲ་གང་རུང་ བཞེངས་དགོཔ་སྦེ་ ལུང་བསྟན་གཟིགས་པའི་ཤུལ་ལས་ མི་དབང་འབྲུག་རྒྱལ་༤ པ་མཆོག་ལུ་ བཀའི་གནང་བ་ ཞུ་ནུག་ཟེར་ཨིན་པས།
བླམ་ཚེ་རིང་དབང་འདུས་ཀྱིས་འབད་བ་ཅིན་ སྟོན་པའི་སྐུ་འདྲ་དེ་ ཀུན་གསལ་ཕོ་བྲང་ནང་ བཞེངས་ནི་སྦེ་ གཏན་འཁེལ་སོང་ཡོདཔ་བཞིན་དུ་ རྒྱལ་ས་ལྟེ་བ་དེ་ རྫོང་ཁག་༢༠ གི་ མི་སེར་དང་ འཛམ་གླིང་རྒྱལ་སྤྱིའི་ མི་སྤུངས་འཛོམས་འབད་ས་ཨིནམ་ལས་ སྐུ་འདྲ་དེ་ སྤུས་ཚད་དང་ བཟོ་བཀོད་ག་ནི་བ་ ལེགས་པའི་ཁར་ ས་གོ་ཡང་ སྒོ་ཡངས་དྲགས་སྦེ་ བསྒྲུབས་ཚུགས་མི་དེ་ མི་དབང་ཡབ་སྲས་རྣམ་གཉིས་ཀྱི་བཀྲིན་དང་ སྐྱབས་རྗེ་རྗེ་མཁན་མཆོག་གི་ཐུགས་སྨོན་ འབངས་མི་སེར་ཚུ་གི་ བསོད་ནམས་དང་ དཀོན་མཆོག་གསུམ་གྱི་ བྱིན་བརླབས་ལུ་བརྟེན་ཨིན་ཟེར་ཨིན་པས།
མ་དངུལ་གྱི་རྒྱབ་སྐྱོར།
སྟོན་པ་རྡོ་རྗེ་གདན་མ་ཐུབ་པ་དབང་པོའི་སྣང་བརྙན་ པདྨས་གཙུག་ཏོར་མཐར་ཐུག་དང་ རིང་ཚད་མི་ཊར་༤༢ བཞེངས་ནིའི་དོན་ལུ་ སྦྱིན་བདག་གཙོ་བོ་ ཕྱིའི་རྒྱལ་ཁབ་ སིང་ྒཔུར་ལས་ པི་ཊ་ཏེའོ་བཟའ་ཚང་གིས་ ཞབས་ཏོག་དང་ སྟོན་པའི་བཞུགས་ཁྲི་དཔངས་དུ་ མི་ཊར་༡༢ བཞེངས་མི་དེ་ སྦྱིན་བདག་ཝམ་ཀིམ་སེང་གིས་གཙོས་པའི་ མི་གྲངས་༡༣ གྱིས་ མ་དངུལ་གྲོགས་རམ་འབད་ཡོདཔ་ཨིན་པས།
སྟོན་པའི་སྣང་བརྙན་འཛོམས་གཡུ་རྡོ་རྗེ་ཕ་ལམ་ཕུལ་མི་དེ་ ད་རུང་ སིངྒ་པུར་ལས་ སྦྱིན་བདག་ཕོཝ་ཝི་སེང་གིས་གཙོས་པའི་ མི་གྲངས་༥ དང་ སྟོན་པའི་བཞུགས་ཁྲི་མཐའ་སྐོར་ མཆོད་པའི་ལྷ་མོ་དང་ ནང་རྟེན་སོགས་བཞེངས་མི་དེ་ མ་ལ་ཤེ་ཡ་རྒྱལ་ཁབ་ལས་ སྦྱིན་བདག་ཊཱན་སྲིར་དེ་བེད་ཀོན་གྱིས་གཙོས་པའི་ མི་གྲངས་༡༠ ལྷགཔ་ཅིག་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བཞེངས་ཡི་ཟེར་ བླམ་ཚེ་རིང་དབང་འདུས་ཀྱིས་ བཤདཔ་ཨིན་པས།
སྟོན་པའི་ནང་ན་ མཛད་པ་༡༢ དང་ འཕགས་པའི་གནས་བརྟན་༡༦ བཀའ་དགོངས་ཕུར་གསུམ་ སངས་རྒྱས་སྨན་ལྷ་ སྨན་ལྷ་ཆོས་རྗེས་ སངས་རྒྱས་རབ་བདུན་ གུ་རུ་མཚན་བརྒྱད་ འཁོར་སྲུང་དམག་བཟློག་ བྲག་དམར་ ལྷ་མོ་རིགས་བརྒྱད་མ་ རྡོ་རྗེ་ཕ་མོ་ རིགས་ལྔའི་སངས་རྒྱས་ ཀུན་བཟང་ཡབ་ཡུམ་ཚེ་དཔག་མེད་ སྤྱན་རས་གཟིགས་ རྡོ་རྗེ་འཆང་ བདེ་མཆོག་ལ་སོགས་པའི་ སྐུ་འདྲ་ཚུ་ བཞེངས་ཏེ་ཡོད་ཟེར་ཨིན་པས།
སྟོན་པ་རྡོར་གདན་མ་ལས་འགུལ་ལུ་ ཟད་འགྲོ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་༡.༧༠༠ ལྷགཔ་ཅིག་ གནས་ཡོདཔ་ཨིན་པས།
གཞུང་དགེ་འདུན་གྲྭ་ཚང་གི་ ལས་ཚོགས་སློབ་དཔོན་ སངས་རྒྱས་རྡོ་རྗེ་གིས་ གསུངས་མིའི་ནང་ བླམ་ཚེ་རིང་དབང་འདུས་ཀྱིས་ སྐྱབས་རྗེ་རྗེ་མཆོག་གི་ ཐུགས་དགོངས་དང་འཁྲིལ་ དཀའཝ་སྤྱད་དེ་ བཞེངས་གནང་པའི་ཤུལ་ལས་ དུས་ཅི་ དགེ་འདུན་གྲྭ་ཚང་ལུ་ ཕུལ་ཡོདཔ་བཞིན་དུ་ མཁན་སློབ་འདུས་ཚོགས་ལས་ བླམ་ཚེ་རིང་དབང་འདུས་ལུ་ སྟོན་པའི་སྦྱིན་བདག་སྦེ་ མཛད་གནང་མིའི་ བཀྲིན་དགའ་ཚོར་སྦེ་ གཟེངས་བསྟོད་ཕུལཝ་དང་འབྲེལ་ ཕྱིན་ཆད་ ད་ལས་ཕར་ཡང་ ཁོ་རའི་སྐུ་ཚེ་ཧྲིལ་བུར་ ཀུན་གསལ་ཕོ་བྲང་ལུ་ར་ བཞུགས་དགོཔ་སྦེ་ ཞུ་ཡོད་པའི་ཁར་ ཞབས་ཏོག་མཐུན་རྐྱེན་ཚུ་ཡང་ གྲྭ་ཚང་གིས་ ཕུལ་ནི་སྦེ་ ཞུ་ཡི་ཟེར་ཨིན་པས།
ལཱ་ལྷག་ལུས་འབད་དགོཔ་ཡོད་མི་ཚུ་ དགེ་འདུན་འདུས་ཚོགས་ཀྱི་ ཞལ་འཛོམས་འཚོགས་པའི་སྐབས་ ཚོགས་ཆུང་ཅིག་ གཞི་བཙུགས་ཐོག་ལས་ ཐག་བཅད་དེ་ འགོ་བཙུགས་འོང་ཟེར་ ལས་ཚོགས་སློབ་དཔོན་གྱིས་གསུངསམ་ཨིན་པས།
རིང་ཚད་ཕིཌ་༥༤ འབད་མི་ སྟོན་པའི་སྐུ་འདྲ་བཞེངས་ཚུགས་ཚུགས་ལུ་ ལོ་༡༠ འགོར་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༠༦ ལས་ སྐུ་བཞེངས་ནི་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༥ ལུ་ གྲུབ་འབྲས་བཏོན་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ ལྷབ་སྦྱང་འབད་དོ་ཡོདཔ།

༉ བཀྲིས་སྒང་ རང་བྱུང་སློབ་གྲྭ་ལྟེ་བའི་ སློབ་ཕྲུག་སྡེ་ཚན་ཅིག་གིས་ སློབ་གྲྭའི་ཆོས་ཚན་རྐྱངམ་གཅིག་གིས་མ་ཚད་པར་ ཆོས་ཕྱོགས་ཀྱི་ལས་རིམ་ནང་ བཅའ་མར་གཏོགས་ཏེ་ གསོལ་ཁ་གཏང་ནི་དང་ ཆོས་ཆས་ལག་ལེན་འཐབ་ཐངས་ཚུ་ཡང་ ལྷབ་སྦྱང་འབད་དོ་ཡོདཔ་ཨིན་པས། དེ་ཡང་ སློབ་ཕྲུག་སྡེ་ཚན་ཅིག་གིས་ དྲོ་པ་ཨ་རྟག་ར་ ཆུ་ཚོད་༥ ལས་ …

Leave a Reply

Your email address will not be published. Required fields are marked *