རུ་ཏོ་བཅགས་དཀྲུམ་འབད་མི་ཚུ་ རང་ལུགས་ཀྱི་ བཅོ་ཐབས་འབད་བ་ཅིན་ གནོད་ཉེན་ཡོདཔ་ཨིན་མས།

ཀུཆ་བི་ཧར་གྱི་ས་གནས་ ནི་ཤི་གཱནཇི་ལུ་ རུ་ཏོ་བཅགས་དཀྲུམ་གྱི་ རང་ལུགས་བཅོ་ཐབས་འབད་མི་ལུ་ གནོད་ཉེན་ཡོདཔ།

༉ ཟླཝ་དག་པ་ཅིག་གི་ཧེ་མར་ ཕུན་ཚོགས་གླིང་ལུ་ སློབ་གྲྭ་ཅིག་ནང་ དཔེ་ཆ་ལྷབ་མི་ སློབ་ཕྲུག་བུམོ་ཅིག་གི་རྐངམ་གུ་ གནོད་སྐྱོན་ཆུང་ཀུ་ཅིག་བྱུང་མི་དེ་ ཕུན་ཚོགས་གླིང་སྨན་ཁང་གིས་ སྨན་བཅོས་འབད་བའི་ཤུལ་ལས་ ཌོག་ཊར་ཚུ་གིས་ ངལ་གསོ་སྡོད་དགོ་པའི་ བསླབ་སྟོན་བྱིན་ཡོདཔ་ཨིན་པས།
ཨིན་རུང་ ན་ཆུང་བུམོ་དེ་གིས་ ཉིནམ་༢ དེ་ཅིག་གི་རྒྱབ་ལས་ རྨ་རས་བཤུབ་བཏང་ཞིནམ་ལས་ ཕུན་ཚོགས་གླིང་ལས་ ཀི་ལོ་མི་ཊར་༧༦ དེ་ཅིག་ལུ་ཡོད་མི་ རྒྱ་གར་ཀུཆ་བི་ཧར་གྱི་ས་གནས་ ནི་ཤི་གཱནཇི་ཟེར་སར་ སྨན་བཅོས་འབད་བར་ སོང་ཡོདཔ་ཨིན་པས།
ཨིན་རུང་ སྨན་བཅོས་འབད་བའི་བར་ན་ མོ་གི་རྐངམ་གུ་ གནོད་སྐྱོན་སྦོམ་བྱུང་མི་ལུ་བརྟེན་ ལོག་སྟེ་ར་ ཕུན་ཚོགས་གླིང་སྨན་ཁང་ནང་ འབག་འོང་ཡོདཔ་བཞིན་དུ་ དེ་བསྒང་ ཌོག་ཊར་ཚུ་གིས་ མོ་གི་ རྐངམ་གི་པགས་ཀོ་དེ་ རུལ་དོ་ཡོདཔ་སྦེ་ མཐོང་ཡོདཔ་ཨིན་པས།
ཕུན་ཚོགས་གླིང་སྨན་ཁང་གི་ གཤག་བཅོས་མཁས་མཆོག་ ཌོག་ཊར་པདྨ་ལས་འཕྲོ་གིས་ སླབ་མིའི་ནང་ གལ་སྲིད་ བུམོ་དེ་ སྨན་ཁང་ནང་འོང་ནི་ ཕྱི་སོ་པ་ཅིན་ རྐངམ་བཏོག་གཏང་དགོཔ་ འཐོན་ཐོནམ་འོང་ཟེར་ཨིནམ་ད་ ས་གནས་ཀྱི་ སྨན་བཅོས་འབད་མི་ཚུ་གིས་ རྨ་དེ་ རྨ་རས་ཀྱིས་བསྡམས་ཏེ་ ཁ་མ་ཕྱེ་བར་ བདུན་ཕྲག་༡ དེ་ཅིག་ལང་ནུག་ཟེར་ཨིནམ་ད་ མོ་གི་རྐངམ་དེ་ སྦོ་ཡོདཔ་ལས་ རྣག་ཡང་ བསགས་ནུག་ཟེར་ཨིན་པས།
དེ་ལས་ ཌོག་ཊར་ཚུ་གིས་ སྲིན་སྨན་མང་རབས་ཅིག་ འགོ་འདྲེན་འཐབ་ཡོདཔ་བཞིན་དུ་ གཤག་བཅོས་ཡང་ འབད་ཡོདཔ་ད་ ཌོག་ཊར་པདྨ་ལས་འཕྲོ་གིས་ འདས་པའི་ལོ་ཚུ་ནང་ ས་གནས་ཀྱི་ སྨན་བཅོས་འབད་མི་ལུ་བརྟེན་ གནོད་སྐྱོང་བྱུང་བའི་ གནད་དོན་དེ་ ཡར་སེང་འགྱོ་དོ་ཡོདཔ་བཞིན་དུ་ དེ་ཚུ་ གདོང་ལེན་ཅིག་སྦེ་ར་ གནས་ཏེ་ཡོད་ཟེར་ བཤདཔ་ཨིན་པས།
ནདཔ་ཅིག་གིས་ ནི་ཤི་གཱནཇི་སྨན་བཅོས་ལྟེ་བའི་ནང་ སྨན་བཅོས་འབད་བའི་ཤུལ་ལས་ བསམ་རྩེ་སྨན་ཁང་ནང་ འོང་ཡོདཔ་ད་ ཁོ་གིས་ སྨན་ཁང་ནང་སོང་ཡོད་རུང་ ནི་ཤི་གཱནཇི་ལུ་འགྱོ་ནི་དེ་ གདམ་ཁ་རྐྱབ་ཡོདཔ་ཨིན་པས།
ཌོག་ཊར་པདྨ་ལས་འཕྲོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ བསམ་རྩེ་སྨན་ཁང་གིས་ གནད་དོན་དེ་གི་སྐོར་ལས་ གྲོས་བསྟུན་འབད་དེས་ཟེར་ཨིནམ་ད་ ཨེང་ཀལ་ཧའུ་ཞཱན་ཟེར་ ནདཔ་དེ་གི་ བོལ་ཚིགས་དེ་ མཐུད་སྦྱོར་འབད་ནི་དེ་ ཨིན་མས་ཟེར་ཨིན་པས།
ནི་ཤི་གཱནཇི་སྨན་བཅོས་ལྟེ་བ་དེ་ འབྲུག་མི་ཚུ་ལུ་ ཡོངས་གྲགས་ཡོདཔ་ལས་ འབྲུག་ལས་ མི་༡༠༠ ལས་ལྷག་སྟེ་ ནི་ཤི་གཱནཇི་ལུ་ སོང་ཞིནམ་ལས་ ཟླཝ་ལས་བཅད་དེ་ རུ་ཏོ་བཅག་དཀྲུམ་དང་ ཤ་རྒྱུས་ལ་སོགས་པའི་ སྨན་བཅོས་འབད་སྡོད་དོ་ཡོདཔ་ད་ སྨན་བཅོས་དེ་གི་ ལེགས་ཉེས་༢ ཆ་རའི་ བསམ་ལན་ཚུ་ ཡོདཔ་ཨིན་པས།
ཌོག་ཊར་པདྨ་ལས་འཕྲོ་གིས་ སླབ་མིའི་ནང་ གནོད་སྐྱོན་རྐྱབ་ཡོད་པའི་ གནད་དོན་མང་ཤོས་ར་ ནི་ཤི་གཱནཇི་ལས་ འོངམ་མས་ཟེར་ཨིནམ་ད་ རུ་ཏོ་བཅག་དཀྲུམ་བཏང་མི་ཚུ་ གནོད་སྐྱོན་མེད་པ་ཅིན་ ས་གནས་ཀྱི་ སྨན་བཅོས་འབད་མི་ཚུ་གིས་ འབད་ཚུགས་ནི་དང་ གནོད་སྐྱོན་ཡོད་པ་ཅིན་ འབད་མི་ཚུགས་ཟེར་ཨིནམ་ད་ སྨན་ཁང་ནང་ ཞབས་ཏོག་ཚུ་ རིན་མེད་སྟོང་པར་སྦེ་བྱིན་རུང་ མི་ཚུ་གིས་ ནི་ཤི་གཱནཇི་ལུ་ འགྱོ་ནིའི་གདམ་ཁ་རྐྱབ་མས་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་མང་ཤོས་ཅིག་གིས་ གཤག་བཅོས་འབད་མ་བཏུབ་པའི་ཁར་ ལྕགས་བཙུགས་དགོཔ་འཐོན་པའི་སྐབས་ གཤག་བཅོས་འབད་མི་བཏུབ་པས་ཟེར་ཨིནམ་ད་ གྲོང་གསེབ་ལས་འོང་མི་ མི་རྒན་ཤོས་མང་ཤོས་ཅིག་གིས་ ཉན་མི་བཏུབ་དོ་ཡོདཔ་ལས་ སྨན་ཁང་གིས་ཡང་ གཤག་བཅོས་འབད་ནི་ལུ་ ཨུ་ཚུགས་རྐྱབ་ནི་མེད་ཟེར་ཨིན་པས།
ཟླཝ་ཕྱེད་དང་༢ དེ་ཅིག་གི་ཧེ་མར་ སྐྱེས་ལོ་༣༧ ལང་མི་ ཞི་གཡོགཔ་ཨམ་སྲུ་ཅིག་ཡང་ རུ་ཏོ་གི་གནོད་སྐྱོན་བྱུང་མི་ལུ་བརྟེན་ ཕུན་ཚོགས་གླིང་སྨན་ཁང་ནང་ འོང་ཡོདཔ་བཞིན་དུ་ མོ་གིས་ ནི་ཤི་གཱནཇི་ལུ་ ཟླཝ་༣ དེ་ཅིག་སྡོད་རུང་ དྲག་མ་བཏུབ་ལས་ ལོག་འོང་ཡོདཔ་ད་ ཨམ་སྲུ་དེ་གིས་ མོང་སྒར་སྨན་ཁང་ནང་ གཤག་བཅོས་འབད་མ་བཏུབ་ཨིན་པས།
ཌོག་ཊར་པདྨ་ལས་འཕྲོ་གིས་ སླབ་མིའི་ནང་ ཨམ་སྲུ་དེ་གི་ ལག་པ་བཅགས་ཡོདཔ་ལས་ ཁོང་གིས་ གཤག་བཅོས་འབད་དགོཔ་སྦེ་སླབ་རུང་ ཉན་མ་བཏུབ་པར་ ནི་ཤི་གཱནཇི་ལུ་ སོང་ཡི་ཟེར་ཨིན་པས།
ནི་ཤི་གཱནཇི་སྨན་བཅོས་ལྟེ་བ་གིས་ མོ་གི་ལགཔ་ དྲག་ཡོད་པའི་སྐོར་ལས་ སླབ་ཡོདཔ་མ་ཚད་ གློག་པར་ནང་ཡང་ དྲག་ཡོདཔ་སྦེ་ སྟོན་རུང་ ངོ་མ་འབད་བ་ཅིན་ དྲག་མ་བཏུབ་ཨིན་པས།
བཟོད་མ་ཚུགས་པའི་ ན་ཟུག་རྐྱབ་ནི་དེ་གིས་ ལོག་ཕུན་ཚོགས་གླིང་སྨན་ཁང་ནང་ འོང་ཡོདཔ་ད་ ཌོག་ཊར་པདྨ་ལས་འཕྲོ་གིས་ སླབ་མིའི་ནང་ ལགཔ་བཅགས་ཡོད་མི་དེ་ མ་དྲག་པའི་ཁར་ གནས་སྟངས་སྐྱོ་དྲགས་ཐལ་ནུག་ཟེར་ཨིནམ་ད་ མོ་ལུ་བྱིན་མི་ གློག་པར་དེ་ཡང་ མོ་རའི་ མེན་པས་ཟེར་ཨིན་པས།
ད་རུང་ སྐྱེས་ལོ་༤༣ ལང་མི་ ཕོ་སྐྱེས་ཅིག་ཡང་ ནི་ཤི་གཱནཇི་ལུ་ ཟླཝ་༥ དེ་ཅིག་ སྡོད་པའི་ཤུལ་ལས་ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལུ་ འོང་ཡོདཔ་ད་ ཁོ་གི་ དཔྱི་སྨད་ལུ་ དཀའ་ངལ་ཡོདཔ་བཞིན་དུ་ གཤག་བཅོས་ཆུང་ཀུ་ཅིག་རྐྱབ་པ་ཅིན་ དྲག་དྲགཔ་འོང་ཟེར་ ཌོག་ཊར་ཚུ་གིས་ བཤད་ཡོདཔ་ད་ གནོད་སྐྱོན་དེ་ མ་དྲག་པ་ཅིན་ ཕོ་སྐྱེས་དེ་ དཔྱི་སྨད་མཐུད་སྦྱོར་སོར་སྒྱུར་གྱི་དོན་ལུ་ གཤག་བཅོས་འབད་དགོཔ་ འཐོན་ནི་ཨིན་པས།
ཌོག་ཊར་པདྨ་ལས་འཕྲོ་གིས་ སླབ་མིའི་ནང་ ནི་ཤི་གཱནཇི་ལུ་ མི་ཚུ་གིས་ ག་ཅི་སྦེ་ འགྱོཝ་ཨིན་ན་ བརྟག་ཞིབ་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ ད་ལྟོ་ སྨན་བཅོས་འབད་བའི་བསྒང་ཡོདཔ་བཞིན་དུ་ གྲུབ་འབྲས་མེད་པ་ཅིན་ སྨན་ཁང་ནང་ སོ་སོར་ནང་ གཏང་ནི་དང་ སྨན་བཅོས་གཞན་ཡང་ ཡོད་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་ སྡོད་མི་ཅིག་གིས་ སླབ་མིའི་ནང་ ནི་ཤི་གཱནཇི་སྨན་བཅོས་ལྟེ་བ་དེ་ རུ་ཏོ་བཅག་དཀྲུམ་འབད་མི་ཚུ་ སྨན་བཅོས་འབད་ནི་ལུ་ མིང་གཏམ་ཡོདཔ་ལས་ ཁོ་གི་ཨའི་དང་ ཨང་རྒས་༢ ཆ་ར་ དེ་ཁར་ སྨན་བཅོས་འབད་བར་ འབག་ཡོདཔ་བཞིན་དུ་ ཁོང་༢ ཆ་ར་ ལེགས་ཤོམ་སྦེ་ར་ དྲག་ཅི་ཟེར་ཨིན་པས།
ཕུན་ཚོགས་གླིང་ལུ་སྡོད་མི་ གཞན་ཅིག་གིས་ སླབ་མིའི་ནང་ ནི་ཤི་གཱནཇི་ལུ་ སྨན་བཅོས་འབད་མི་དེ་གིས་ མི་མང་ཤོས་ཅིག་ར་ དྲག་དོ་ཡོདཔ་བཞིན་དུ་ ཉེན་ཁ་ཡོད་པའི་ བཅག་དཀྲུམ་གྱི་གནད་དོན་ཚུ་ཡང་ དྲག་དོ་ཡོདཔ་སྦེ་ གོ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ནི་ཤི་གཱནཇི་ལུ་ གློག་པར་ནང་ ངོས་འཛིན་འབད་བའི་ཤུལ་ལས་ བཅག་དཀྲུམ་འབད་མི་ རུ་ཏོ་གུ་དབུར་ནིའི་ སྨན་མ་འདྲཝ་ཅིག་ ལག་ལེན་འཐབ་དོ་ཡོདཔ་བཞིན་དུ་ སྨན་དེ་ དབུར་བའི་ཤུལ་ལས་ ཚར་གྱིས་བསྡམས་བཞག་དོ་ཡོདཔ་ད་ དེ་ལུ་ ཨ་ཡུར་བི་ཌ་སྨན་བཅོས་ཟེར་ སླབ་མས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ སྐལ་བཟང་དབང་ཕྱུག།

 

About admin

Check Also

འབྲུག་རྒྱལ་ཡོངས་ཕུཊ་བཱོལ་སྡེ་ཚན་གྱིས་ ཨང་༢ པ་ཐོན་ཡོདཔ།

༉ ཁ་ཙ་ ནེ་པཱལ་པོ་ཁ་ར་ལུ་སྦེ་ འབྲུག་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་དང་ ནེ་པཱལ་རྒྱལ་ཡོངས་ཕུཊ༌བཱོལ་སྡེ་ཚན་༢ ཀྱི་བར་ན་ ཕུཊ་བཱོལ་རྩེད་འགྲན་གྱི་ མཐའ་བཅད་འགྲན་བསྡུར་འབདཝ་ད་ འབྲུག་གིས་གཱོལ་༡ དང་ ནེ་པཱལ་གྱིས་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ཅི། རྩེད་འགྲན་འགོ་བཙུགས་ཏེ་ …

Leave a Reply

Your email address will not be published. Required fields are marked *